འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་མངའ་རིས་སུ་ཞིང་ཆུ་འདྲེན་པའི་འདུ་འགོད་ལག་ལེན་བསྟར་རིང་འོམ་བུ་ཤིང་ལ་
    གཏོར་སྐྱོན་མི་ཕོག་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་27ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དབྱར་སའི་ཆུ་འདྲེན་འདུ་འགོད་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཆུ་བེད་རྣམ་གྲངས་གལ་ཆེན་ཞིག་རེད། བསྐྲུན་ཟིན་རྗེས་སྒར་རྫོང་གི་མུའུ་ཁྲི་ཟིན་པའི་རྩྭ་ཐང་དང་ནགས་ཚལ་སྐྱེ་འཚར་ལ་ཕན་ཐོགས་ཡོང་རྒྱུ་རེད། འདུ་འགོད་ལག་ལེན་བསྟར་མ་ཐག་གནད་དོན་འཕྲད་ཡོད་པས་ས་གནས་ཀྱིས་ཇི་ལྟར་བྱས་ཏེ་ཐག་གཅོད་དང་གདམ་ག་བྱ་རྒྱུར་རག་ལས་ཡོད།
          འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ཡོད། འོན་ཀྱང་ལས་ཀ་བྱས་ནས་ཉིན་ཤས་ལས་མ་སོང་བར་ཐོག་མའི་ཇུས་འགོད་འཆར་གཞི་ལྟར་མུ་མཐུད་སྒྲུབ་ན་ཆུ་ལེན་སའི་གཤམ་འོག་གི་སྤྱི་ལེ་3གྱི་འོམ་བུ་ཤིང་གི་ཚལ་ལ་གཏོར་སྐྱོན་འགྲོ་རྒྱུ་ཡིན་པ་ཚང་མས་ཤེས་རྟོགས་བྱུང་ཡོད། རང་བྱུང་འོམ་བུ་ཤིང་སྡོང་རྐང་1500ལྷག་ཙམ་གནམ་ས་འབྲེལ་ནས་ཡོད་པ་དེའི་གཞི་ཁྱོན་ནི་ཉུང་མཐར་ཡང་ལོ་བརྒྱའི་ནང་སྐྱེ་འཚར་བྱུང་བ་ཞིག་ཡིན་པ་སྨོས་ཅི་དགོས།
          ཤིང་གཅོད་དམ་མི་གཅོད་ཅེ་ན། བག་གྲོ་གཞོན་པ་སོམ་ཉིའི་གནས་སུ་གྱར། གལ་སྲིད་འདུ་འགོད་ལ་འགྱུར་བ་བཏང་ཚེ་མ་གནས་མང་དུ་འགྲོ་རྒྱུ་མ་ཟད། ལས་དུས་ཀྱང་རིང་དུ་སོང་ནས་ཐ་ན་རང་ཉིད་ལ“ལས་ཀ་ཡག་པོ་སྒྲུབ་མི་ཐུབ་པའི”ཞྭ་མོ་ཞིག་ཀྱང་གཡོག་ཉེན་ཆེ། འོན་ཀྱང་ལུང་སྟོང་ཁྲོད་ཀྱི“མཛེས་སྡུག་ལྡན་པའི་ཡུལ་ལྗོངས”མཐོང་སྐབས་ཁོང་གིས“མངའ་རིས་སུ་རང་བྱུང་ནགས་འདི་ལྟ་བུ་ཞིག་ཡོད་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་གལ་སྲིད་དེར་གཏོར་སྐྱོན་བཏང་ཚེ་མཇུག་འབྲས་ངན་པ་ཞིག་ཡོང་སྲིད་པས་དེ་ལས་གཡོལ་ཐབས་བྱས་ན་དགའ་བའི”སེམས་ཐག་བཅད་ཡོད།
          གནད་དོན་ཤེས་རྟོགས་བྱུང་བའི་ཉིན་གཉིས་པར་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་སྡེ་ཚན་ཁག་སྐོང་བསྡུ་བྱས་ནས་གྲོས་བསྡུར་བྱས་པ་རེད། བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་པ་བརྒྱུད་མཐར་ཇུས་འགོད་འཆར་གཞིར་འགྱུར་ལྡོག་བཏང་ནས་ཆུ་འདྲེན་འདུ་འགོད་ཀྱི་ཡུར་བུ་དེ་སྐོར་ནས་དྲུས་པ་རེད།
           དེའང་བག་གྲོའི་བསམ་འདུན་དང་མཐུན་ཡོད་པ་སྟེ། “ཐོག་མའི་ཇུས་གཞི་ལྟར་སྒྲུབ་ན་འོམ་བུ་ཤིང་སྡོང་རྐང་1500ཙམ་ལ་གཏོར་སྐྱོན་ཕོག་རྒྱུ་རེད། འོན་ཀྱང་ཇུས་གཞིར་ལེགས་སྒྲིག་བྱས་རྗེས་འོམ་བུ་ཤིང་སྡོང་གཅིག་ལའང་གཏོར་སྐྱོན་ཕོག་མེད་པ”དེ་རེད།
          དབྱར་སའི་ཆུ་འདྲེན་འདུ་འགོད་བསྐྲུན་ཟིན་རྗེས་སྒར་རྫོང་གི་མུའུ་ཁྲི་2ཟིན་པའི་མི་ཐབས་ལ་བརྟེན་པའི་རྩྭ་དང་མུའུ་བདུན་སྟོང་ཟིན་པའི་ནགས་ཚལ་ལ་ཆུ་འདྲེན་རྒྱུ་ཐག་གཅོད་ཐུབ་པ་ནི་ས་གནས་ཞིང་འབྲོག་པས་རེ་སྒུག་ཡུན་རིང་བྱས་པ་ཞིག་རེད།
           འོན་ཀྱང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ལིའུ་ཧུང་གིས་ཆུ་བེད་འདུ་འགོད་ནི་དཔལ་འབྱོར་གྱི་རྣམ་གྲངས་ཤིག་ཡིན་ལ་སྣོད་བཅུད་རྣམ་གྲངས་ཤིག་ཀྱང་རེད། ལས་དུས་རིང་དུ་དང་མ་གནས་མང་དུ་འགྲོ་རྒྱུ་ཡིན་རུང་བྱེ་འཇགས་ཀྱི་ནུས་པ་ཆེན་པོ་ཐོན་པའི་ཤིང་འོམ་བུའི་ཚལ་སྔར་བཞིན་གནས་ཐུབ་པ་བྱུང་བ་དེར་གྱོང་རག་མེད། “བོད་ལྗོངས་མངའ་རིས་ཀྱི་སྣོད་བཅུད་བལྟོས་བཅས་ཉམས་ཞན་ཡིན་པ་དང་དབྱར་སར་མ་འཇོག་བྱེད་ཚད་མང་དུ་གཏོང་དགོས་རུང་སྣོད་བཅུད་སྲུང་སྐྱོང་ཐད་ཕན་ཐོགས་ཡོད། སྣོད་བཅུད་འདི་ཉིད་མཐའ་ཚད་དུ་བརྩིས་ནས་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ལིའུ་ཧུང་གིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།