འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ནགས་ཚལ་སྤུས་ཚད་གནད་སྨིན་མཐོར་གཏོང་ལས་གྲྭ་ཁྱོན་ཡོངས་ནས་ལག་
    ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17དང་18ཉིན་ཅང་ཤིས་ཁྲུང་དབྱི་རྫོང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་ནགས་ཚལ་སྤུས་ཚད་མཐོར་གཏོང་ལས་དོན་ཚོགས་འདུའི་ཐོག་རང་རྒྱལ་གྱིས་ནགས་ཚལ་སྤུས་ཚད་གནད་སྨིན་མཐོར་གཏོང་ལས་གྲྭ་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ། ནགས་ཚལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་ནགས་ཚལ་གྱི་ཕན་ནུས་མང་དག་ཅིག་འདོན་སྤེལ་གང་ལེགས་བྱས་ནས་ལྷད་མེད་དང་། བརྟན་པོ། སྤུས་ལེགས། ཕན་ཆེ་བཅས་ཀྱི་ནགས་ཚལ་སྣོད་བཅུད་མ་ལག་གཏོད་རྒྱུ་ཡིན་པ་རེད། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་165ཡན་དང་། སྤུས་ལེགས་ཤིང་སོན་སྤྱོད་ཚད་75% ནགས་ལས་ཚན་རྩལ་ཡར་རྒྱས་ཀྱི་ལེགས་སྐྱེས་འབུལ་ཚད་55% སྡོང་ཤིང་སྤྱི་ཆིང་རེའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་95ཡན། ལོ་རེར་ཆ་སྙོམས་སྐྱེས་འཚར་བྱུང་ཚད་སྨི་རྒྱ་དཔངས་གྲུ་བཞི་4.8ཡན། ཤིང་སྣ་ཚོགས་འདྲེས་པའི་ནགས་ཚལ་གྱི་བསྡུར་གྲངས་45%ཡན། ཤིང་ཆར་སྤྱོད་པའི་རྩ་ཆེའི་ལྗོན་ཤིང་འཛུགས་པའི་བསྡུར་གྲངས་15%ཡན། ནགས་ཚལ་གྱིས་ཐཱན་བསྡོམས་འབོར་གསོག་ཚད་ཏུན་95ཡན་བཅས་ཟིན་རྒྱུ་རེད།
         རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཀྲང་ཅན་ལུང་གིས་རྒྱལ་ཁབ་ནགས་ལས་ཅུས་སུ་ནགས་ཚལ་གཉེར་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ། ལས་ཀའི་ལམ་ལུགས་ཀྱང་བཟོས་ཡོད། 《རྒྱལ་ཡོངས་ནགས་ཚལ་གཉེར་སྐྱོང་འཆར་འགོད(2016ལོ་ནས་2050ལོ་བར་)》རྩོམ་བཟོ་བྱས་ཏེ་པར་འགྲེམས་བྱས་པ་མ་ཟད། “ལོ་ལྔ་ཚན་བཅུ་གསུམ་པའི”ནགས་ཚལ་སྤུས་ཚད་ཀྱི་གནད་སྨིན་མཐོར་གཏོང་ལས་གྲྭའི་འཆར་གཞི་བཟོ་འགོད་བྱེད་བཞིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་ལོ་ལྟར་ནགས་ཚལ་སྐྱེད་སྲིང་ལས་འགན་མུའུ་དུང་ཕྱུར་1.2ཡན་ཡིན། 2020ལོར་སླེབས་སྐབས་བྱང་ཕྱོགས་ས་ཁུལ་གྱིས་ཉམས་ཞན་དུ་སོང་བའི་ནགས་ཐང་མུའུ་ཁྲི་7050སླར་གསོ་ཐུབ་པ་བྱ་རྒྱུ་དང་ལྷོ་ཕྱོགས་ས་ཁུལ་གྱིས་སྤུས་ཚད་ཞན་པ་དང་ཕན་འབྲས་དམའ་བའི་ནགས་ཚལ་མུའུ་ཁྲི་7950སྒྱུར་བཀོད་བྱ་རྒྱུ་རེད་ཅེས་བཤད་པ་རེད།
         ཀྲང་ཅན་ལུང་གིས་ནགས་ཚལ་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་བཏང་སྟེ་ནགས་ཚལ་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུ་ནས་ནགས་ཚལ་སྤུས་ཚད་མཐོ་རུ་གཏོང་རྒྱུའི་བར་སྒྱུར་བ་དང་། ནགས་ཚལ་གྱི་ཁེར་རྐྱང་ནུས་པ་དོན་གཉེར་བྱེད་པ་ནས་ནགས་ཚལ་གྱི་ཕན་ནུས་མང་པོ་འདོན་སྤེལ་བྱེད་པའི་ཕྱོགས་སུ་སྒྱུར་བ། རགས་ལས་གཉེར་སྐྱོང་ཞིབ་ལས་ཅན་དང་ཞིབ་ཚགས་ཅན་གྱི་གཉེར་སྐྱོང་ཕྱོགས་སུ་སྒྱུར་བ་བཅས་བྱེད་དགོས། ལྷད་མེད་དང་། བརྟན་པོ། སྤུས་ལེགས། ཕན་ཆེ་བཅས་ཀྱི་ནགས་ཚལ་སྣོད་བཅུད་མ་ལག་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་པ་མ་ཟད། ནགས་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དེ་བས་ཤུགས་སྣོན་བརྒྱབ་ནས་ལྷད་མེད་དང་། བརྟན་པོ། སྤུས་ལེགས། ཕན་ཆེ་བཅས་ཀྱི་ནགས་ཚལ་སྣོད་བཅུད་མ་ལག་བཙུགས་ཏེ་སྐམ་སའི་སྣོད་བཅུད་མ་ལག་ཁྲོད་ནགས་ཚལ་གྱི་གཙོ་རྐང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བཤད་པ་རེད།
         རྒྱལ་ཁབ་ནགས་ལས་ཅུས་ཀྱིས་ཕྱོགས་ལྔའི་ཐད་ནས་ཤུགས་སྣོན་བརྒྱབ་སྟེ་ནགས་ཚལ་གྱི་སྤུས་ཚད་མཐོར་གཏོང་ལས་གྲྭ་ཁྱོན་ཡོངས་ནས་ལག་ལེན་བསྟར་རྒྱུ་སྟེ། གཅིག་ནས་ཤིང་འཛུགས་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་ནགས་ཚལ་གཉེར་སྐྱོང་བྱེད་སྟངས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། གསུམ་ནས་ཉམས་ཞན་དུ་སོང་བའི་ནགས་ཐང་སླར་གསོ་ཧུར་ཐག་བྱེད་དགོས་པ། བཞི་ནས་འབྲེལ་ཡོད་ལག་རྩལ་ཚད་གཞིའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་བྱེད་དགོས་པ། ལྔ་ནས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།