འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱ་མཚོ་ཆེ་མོ་རྟགས་ཅན་2པ"དང"ཀླུ་མོ་རྟགས་ཅན"གྱི་གྲུ་གཟིངས་ཨ་མ་བཟོ་གྲབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གསར་འགོད་པས་རྒྱལ་ཁབ་རྒྱ་མཚོ་ཅུས་ནས་ཤེས་རྟོགས་བྱས་པར། “རྒྱ་མཚོ་ཆེ་མོ་རྟགས་ཅན་གཉིས་པ”དང“ཀླུ་མོ་རྟགས་ཅན”གྱི་གྲུ་གཟིངས་ཨ་མ་བཟོ་གྲབས་ཡོད་ཅིང་། གྲུ་གཟིངས་ཨ་མ་འཛུགས་སྐྲུན་བྱེད་པར་ཟླ་བ་28ཙམ་འགོར་སྲིད་པ་དང་2019ལོའི་ཟླ་གསུམ་པར་རྩིས་སྤྲོད་བྱ་རྩིས་ཡོད་པ་རེད། གྲུ་གཟིངས་གསར་པ་དེ་གཉིས་གནོད་མེད་དང་། ཆ་འཕྲིན་ཅན། དཔེ་དུམ་ཅན། སྟབས་བདེ་ཅན། གནས་བཟོད་བདེ་བ། རྒྱལ་སྤྱི་ཅན་བཅས་ཀྱི་ཇུས་འགོད་བླང་བྱ་གཞིར་བཟུང་། རྒྱལ་སྤྱིའི་ཆུ་ཚད་ཡག་ཤོས་ཀྱི་དེང་རབས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཤིག་བཟོ་རྒྱུ་རེད། གྲུ་གཟིངས་འདི་བཟོས་རྗེས། རང་རྒྱལ་གྱི་རྒྱ་མཚོ་ཆེ་མོ་དང་རྒྱལ་སྤྱིའི་མཚོ་ཁོངས་ཀྱི་ཐོན་ཁུངས་ཁོར་ཡུག་ལ་ཕྱོགས་བསྡུས་བརྟག་ཞིབ་ཁྱོན་ཡོངས་ནས་སྤེལ་བའི་ནུས་པ་ཆེ་རུ་འགྲོ་རྒྱུ་དང་ཆབས་ཅིག རང་རྒྱལ་གྱི་རྒྱ་མཚོ་འཚོལ་ཞིབ་ཀྱི་འཚོལ་དཔྱད་ནུས་པ་དང་ཞིབ་འཇུག་ཆུ་ཚད་མཐོ་རུ་འགྲོ་རྒྱུའང་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “རྒྱ་མཚོ་ཆེ་མོ་རྟགས་ཅན་གཉིས་པ”ནི་ཏུན་4000རིམ་པའི་རྒྱང་རིང་རྒྱ་མཚོར་སྐྱོད་པའི་ཕྱོགས་བསྡུས་ཐོན་ཁུངས་ཀྱི་བརྟག་དཔྱད་གྲུ་གཟིངས་དཔེ་གསར་ཞིག་ཡིན་ཞིང་། གྲུ་གཟིངས་འདིའི་རིང་ཚད་ཧྲིལ་པོར་སྨི་98དང་ཞེང་ཚད་17ལ་ཇུས་འགོད་བྱས་པ་མ་ཟད། ད་དུང་སྔོན་ཐོན་གྱི་བརྟག་དཔྱད་ཡོ་བྱད་དང་སྒྲིག་ཆས་སྣ་ཚོགས་རིགས་70ལྷག་ཙམ་སྒྲིག་སྦྱོར་བྱས་ཡོད། གྲུ་གཟིངས་འདིའི་ཚོད་ལྟ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་400ལྷག་ཙམ་ཟིན་པ་དང་ལས་སྒྲུབ་གྲུ་གཅལ་རྒྱ་ཆེ་ལ་སྒུལ་སྐྱོད་ཐུབ་པའི་དོས་སྒམ་དབྱིབས་ཀྱི་ཚོད་ལྟ་ཁང་མང་པོ་ཡོད། གྲུ་གཟིངས་འདིར་མཚོ་གཏིང་དང་། གཤེར་དངོས། རླུང་ཁམས་ཆེན་པོ་ཁག་གཅིག་ལ་བརྟག་དཔྱད་ཐུབ་པའི་ནུས་པ་དང་གཏིང་རིང་རྒྱ་མཚོ་དང་ཁོར་ཡུག་ཧ་ཅང་ཞན་སར་འཚོལ་དཔྱད་བྱེད་པ་སོགས་རྒྱལ་སྤྱིའི་གྲུ་ཐེག་ཚན་རིག་ལག་རྩལ་ཡག་ཤོས་7ལྡན་ཡོད་ལ། ཞིབ་ཚད་མཐོ་བ་དང་དུས་ཡུན་རིང་པོར་རྒྱ་མཚོའི་ས་གཤིས་སོགས་ཕྱོགས་བསྡུས་ཀྱི་རྒྱ་མཚོ་ལྟ་དཔྱད་དང་འཚོལ་དཔྱད་ནུས་པ་དང་དེ་བཞིན་མ་དཔེ་སྲུང་སྐྱོབ་དཔེ་ལེན་དང་ས་གནས་ས་ཐོག་ཏུ་དབྱེ་ཞིབ་བྱེད་པའི་ནུས་པའང་ལྡན་ཡོད།
         “ཀླུ་མོ་རྟགས་ཅན”གྱི་གྲུ་གཟིངས་ཨ་མར་ཏུན་4000རིམ་པའི་ཇུས་འགོད་བྱས་ཡོད་ཅིང་། རིང་ཚད་ཧྲིལ་པོར་སྨི་90.2དང་ཞེང་ཚད་སྨི་16.8ཟིན་པའི་གྲུ་གཟིངས་འདི་ནི་མི་ཞུགས་ཆུ་འཛུལ་ཡོ་བྱད་མཚོ་གཏིང་དུ་འཛུལ་ནས་ལས་ཀ་བྱེད་སྐབས་རྒྱབ་སྐྱོར་དང་བདག་སྐྱོང་མཁོ་འདོན་བྱེད་པའི་ཆེད་སྤྱོད་གྲུ་གཟིངས་ཤིག་ཡིན། གྲུ་གཟིངས་དེས་གོ་ལ་ཧྲིལ་པོས་ཚོད་འཛིན་བྱས་མེད་པའི་མཚོ་ཁོངས་སུ་སྐྱོད་ཐུབ་པ་མ་ཟད། གྲུ་སྒྲོམ་གློག་སྒུལ་དཔྱངས་འདེགས་སྐུལ་འདེད་མ་ལག་དང་། “ཀླུ་མོ་རྟགས་ཅན”གྱི་ཆེད་མངགས་འཇོག་ས། གྲངས་གཞི་ཐག་གཅོད་ལྟེ་གནས་སོགས་རིགས་མང་པོའི་ཚོད་ལྟ་ཁང་ཇུས་འགོད་བྱས་ཡོད། ཚོད་ལྟ་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་300ལྷག་ཙམ་ཟིན་པ་དང་མི་ཐབས་ལ་བརྟེན་མི་དགོས་པར་ཐག་པས་ཚོད་འཛིན་ཆུ་འཛུལ་ཡོ་བྱད་ཀྱི་ལས་སྒྲུབ་ཆེད་སྤྱོད་མ་ལག་སྒྲིག་སྦྱོར་བྱས་ཡོད། གྲུ་ཐོག་གི་བརྟག་དཔྱད་མ་ལག་གིས“ཀླུ་མོ་རྟགས་ཅན”ཆུར་འཛུལ་སྐབས་མཁོ་བའི་འཚོལ་ཞིབ་ལས་འགན་ཁག་ལེགས་སྒྲུབ་བྱེད་ཐུབ་པ་དང་འབྲེལ། གྲགས་གཞི་དང་མ་དཔེ་ཐག་གཅོད་དང་ས་གནས་ས་ཐོག་ཏུ་དབྱེ་ཞིབ་བྱེད་པའི་ནུས་པའང་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།