འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ས་ཡོམ་རྗེས་ཡུལ་སྐོར་ལས་རིགས་སླར་གསོ་འབྱུང་བཞིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནེ་པ་ལའི་གནས་སྤོས་ཡུལ་མི་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ཐོག་ནས་མངོན་པར་གཞིགས་ན། ན་ནིང་བརྒྱབ་པའི“4·25”ཡོམ་ཆེན་དང་། རྒྱ་གར་གྱིས་2015ལོའི་ཟླ་དགུ་པ་ནས་འདི་ལོའི་ཟླ་གཉིས་པའི་དབར་ལག་བསྟར་བྱས་པའི་དངོས་གཞི་མིན་པའི་སྐྱེལ་འདྲེན་བཀག་སྡོམ་བརྒྱུད་རྒྱལ་ཁབ་དེའི་ཡུལ་སྐོར་ལས་རིགས་སླར་གསོ་འབྱུང་བཞིན་ཡོད་པ་རེད།
         གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ནེ་པ་ལས་ཁྱོན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་31.35ལ་སྣེ་ལེན་ཞུས་པ་དེ་2015ལོའི་དུས་མཚུངས་ལས་12.8%འཕར་ཡོད་པ་དང་། ན་ནིང་ནེ་པ་ལར་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་53.9ཟིན་པ་དེ་དུས་མཚུངས་ལས་31.8%ཆག་ཡོད་པ་རེད།
         ས་ཡོམ་ཆེན་པོ་དེ་ནི་ནེ་པ་ལའི་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་བཟོས་པའི་རྒྱུ་རྐྱེན་ཆེ་ཤོས་དེ་ཡིན། གེགས་རྗེས་ཀྱི་ཟླ་བ་བཞིའི་རིང་སྟེ་ན་ནིང་གི་ཟླ་ལྔ་པ་ནས་བརྒྱད་པའི་བར་ནེ་པ་ལར་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་9.75བར་དུ་ཆག་པ་དེ་དུས་མཚུངས་ལས་55.6%ཉུང་དུ་ཕྱིན་པ་དང་། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་ནེ་པ་ལར་ཡོང་མཁན་ཡུལ་སྐོར་བ་སྔར་བཞིན་ཉུང་ངུ་ལས་མེད་པ་རེད། ཡིན་ན་ཡང་ཟླ་ལྔ་པ་དང་དྲུག་པའི་ནང་དུ་ནེ་པ་ལར་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་154%དང་100%སོ་སོར་འཕར་ཡོད་པ་རེད།
         ཀྲུང་གོའི་ཡུལ་སྐོར་བ་སྔར་བས་མང་བ་ནེ་པ་ལར་ཡུལ་སྐོར་དུ་འགྲོ་རྒྱུར་སྐུལ་མ་གཏོང་ཆེད། ནེ་པ་ལས་འདི་ལོའི་ཟླ་དང་པོ་ནས་བཟུང་ཀྲུང་གོའི་ཡུལ་སྐོར་བ་ནེ་པ་ལར་སྐྱོད་པའི་རྒྱལ་གྲོལ་ཐོངས་མཆན་གྲོན་དངུལ་དངོས་སུ་རྩ་ཆག་བཏང་ཡང་ད་བར་ཕན་འབྲས་ཡག་པོ་ཐོན་མེད་པ་རེད། ནེ་པ་ལའི་ཡུལ་སྐོར་ལས་རིགས་ཀྱི་མི་སྣས་དེ་ནི་ཀྲུང་གོའི་མཁའ་འགྲུལ་ཀུང་སིས་དུས་གཏན་གནམ་གྲུ་ཉུང་དུ་བཏང་བ་དང་ཆབས་ཅིག་བོད་ནས་ནེ་པ་ལར་སྐྱོད་པའི་འགག་སྒོ་དུས་ཡུན་རིང་པོར་བརྒྱབ་པས་རེད་ཅེས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འབྱུང་འགྱུར་ཟླ་བ་ཁ་ཤས་རིང་། རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་ཆེ་གྲས་ཁག་གིས་ནེ་པ་ལར་སྐྱོད་པའི་དུས་གཏན་གནམ་གྲུ་མང་དུ་གཏོང་རྒྱུ་ཡིན་པ་སྟེ། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་དང་། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ། ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་བཅས་ཀྱིས་ཀྲུང་གོའི་ནང་སའི་གྲོང་ཁྱེར་དང་ཀ་ཏ་མན་རྡུ་བར་དུ་ཉིན་རེར་དུས་གཏན་གནམ་གྲུ་ཕར་འགྲོ་ཚུར་འོང་ཐེངས་གཅིག་གམ་ཐེངས་གཅིག་ཡན་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།