འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཆུ་ཤུགས་ཐོན་ཁུངས་ལག་རྩལ་གསར་སྤེལ་ཆོག་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་21ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བརྟག་ཞིབ་གྲངས་གཞི་གསར་ཤོས་ཐོག་ནས་མངོན་པར་གཞིགས་ན། བོད་ཀྱི་ཆུ་ཤུགས་ཐོན་ཁུངས་ལག་རྩལ་གསར་སྤེལ་ཆོག་ཚད་ཆན་ཝ་དུང་ཕྱུར་1.7ལྷག་ཙམ་ཟིན་ནས་སི་ཁྲོན་ལས་ཐེངས་དང་པོར་བརྒལ་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར་ཡོད་པ་རེད།
         ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་ཆན་ཀང་ལིང་གིས་ཚེས་18ཉིན་ཉིང་ཁྲིར་འཚོགས་པའི“མཚོ་བོད་ས་མཐོའི་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་སྐོར་གྱི་ཡང་རྩེ་གླེང་སྟེགས་སྐབས་དང་པོའི”ཐོག་དེ་ལྟར་བཤད་པ་རེད།
         བོད་རང་སྐྱོང་ལྗོངས་ཆུ་ཤུགས་ཐོན་ཁུངས་ཡོངས་(བསྐྱར)བཤེར་ཐེངས་གསུམ་པ་2015ལོར་ལེགས་གྲུབ་བྱུང་ཞིང་། ཡོངས་བཤེར་མཇུག་འབྲས་ཐོག་མངོན་པར་གཞིགས་ན། བོད་དུ་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་100དང་ཡང་ན་དེ་ཡན་ཟིན་པའི་ཆུ་བོ་3300ལྷག་ཙམ་ཡོད་ལ། དེ་དག་ཁྲོད་དུ་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་10000དང་ཡང་ན་དེ་ཡན་ཟིན་པའི་ཆུ་བོ་20ལྷག་ཙམ་ཡོད་པ་དང་། གཞན་ཡང་ལྗོངས་ཡོངས་སུ་ཆུ་ཤུགས་ཐོན་ཁུངས་ཐད་ཀྱི་གཞུང་ལུགས་བསགས་འབོར་ཀྲའོ་ཝ་10དང་ཡང་ན་དེ་ཡན་ཟིན་པའི་ཆུ་བོ་370ལྷག་ཙམ་ཡོད་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱུང་གསལ། འབྲེལ་ཡོད་སྡེ་ཚན་གྱིས་བོད་ཀྱི་ཆུ་ཤུགས་ཐོན་ཁུངས་དེ་བཀག་སྡོམ་གསར་སྤེལ་ཁུལ་དང་། ཚོད་འཛིན་གསར་སྤེལ་ཁུལ། གཙོ་གནད་གསར་སྤེལ་ཁུལ་བཅས་རིམ་པ་གསུམ་དུ་དབྱེ་རྒྱུའི་གཏན་འཁེལ་བྱས་ཡོད་པ་དང་། “ཚོད་འཛིན་གསར་སྤེལ་ཁུལ་དུ་བཅུག་པའི་ཆུ་བོ་དང་ཡང་ན་ཆུ་བོའི་དུམ་བུ་ལ། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དགོས་མཁོ་དང་བསྟུན་ནས་ཁྲིམས་ལྟར་ཞིབ་འཇུག་དང་རིགས་སྒྲུབ་ཁུངས་སྐྱེལ་བྱས་ཏེ། ཚོད་འཛིན་ཐེབས་རྐྱེན་མེད་པར་བཟོས་པ་དང་ཉེན་ཁ་སྟངས་འཛིན་ཐུབ་པའི་སྔོན་འགྲོའི་འོག་ཚོད་འཛིན་ནན་པོ་བྱས་ནས་གསར་སྤེལ་འཛུགས་སྐྲུན་བྱེད་རྒྱུ་དང་། གཙོ་གནད་གསར་སྤེལ་ཁུལ་ལ། ཆུ་གློག་འཆར་འགོད་དང་རྣམ་གྲངས་དུས་འགོའི་ལས་དོན་སྤེལ་ནས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་བླང་བྱ་དང་བོད་ཀྱི་དགོས་མཁོ་ལྟར་གསར་སྤེལ་བྱེད་རྒྱུ་ཡིན”ཞེས་ཆན་ཀང་ལིང་གིས་བཤད་པ་རེད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱི་གློག་འདོན་ནུས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་གློག་དྲ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ན་ནིང་གི་ལོ་མཇུག་བར་བོད་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་དེ་2010ལོ་དང་བསྡུར་ན་136%དང་75%སོ་སོར་འཕར་བ་དང་། གློག་དྲ་གཙོ་བོས་ཁྱབ་ཁྱོན་དེ་2010ལོའི་རྫོང་(ཆུས)32ནས་རྫོང་(ཆུས)58བར་ཆེ་རུ་ཕྱིན་པ་མ་ཟད། ད་དུང་གློག་འདོན་གྱིས་ཁྱབ་པའི་མི་འབོར་ཡང་2010ལོ་དང་བསྡུར་ན་33.2%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།