འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་བརྟག་ཞིབ་ཚོགས་ཆུང་གིས་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་
    སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ལ་བརྟག་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་21ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སུན་ཀན་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་འཁྲིད་དེ་མཚོ་སྔོན་གྱི“གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར”ཆེད་དོན་བརྟག་ཞིབ་གནང་ཞིང་། བརྟག་ཞིབ་ཚོགས་ཆུང་མཚོ་སྔོན་དུ་འབྱོར་བའི་ཉིན་དེ་རང་དུ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་སྐྱབས་ཀྱིས་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཧྲེང་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་སྐོར་བརྟག་ཞིབ་ཚོགས་ཆུང་ལ་ཆེད་དོན་སྙན་སེང་ཞུས་པ་རེད།
         ཡན་ཅིན་ཧའེ་ཡིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭ་ལག་བསྟར་བྱས་ཚུལ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་ཚུལ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཚུལ། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་བྱེད་ཐབས་གཙོ་བོ་དང་། ཕན་འབྲས། འཕྲད་པའི་དཀའ་གནད། དེ་བཞིན་འབྲེལ་ཡོད་གྲོས་འགོ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད།
         ཚོགས་འདུའི་ཐོག་བརྟག་ཞིབ་ཚོགས་ཆུང་གི་ཁོངས་མི་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཚོས་རྩྭ་ར་བརྒྱུད་བཤུག་དང་། སྣོད་བཅུད་ཁ་གསབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་ཤེས་ལྡན་མི་སྣའི་དགོས་མཁོ། གཙང་གསུམ་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བྱེད་རིང་གི་དམངས་འཚོའི་གནད་དོན་སོགས་ལ་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད།
         ཚེས་14ཉིན་ནས་19ཉིན་བར་བརྟག་ཞིབ་ཚོགས་ཆུང་དང་བཅས་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་སོགས་སུ་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཀྱི་གནས་སྤོས་ཡུལ་མི་བཀོད་སྒྲིག་བྱ་ཡུལ་དང་། འདམ་ར་སྲུང་སྐྱོང་། སྡོང་ཕྲུག་རྟེན་གཞི། སྣོད་བཅུད་འབྲོག་ལས་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།