འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ནེ་མཐའ་མཚམས་བོད་ལྗོངས་སྐྱིད་གྲོང་འགག་སྒོའི་འཕྲུལ་ཚན་གཉིས་ནས་གློག་
    བཏང་སྟེ་གེགས་རྗེས་བསྐྱར་སྐྲུན་ལ་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་21ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་ནེ་མཐའ་མཚམས་སུ་གནས་པའི་བོད་ལྗོངས་སྐྱིད་གྲོང་འགག་སྒོའི་ཆུ་ཤུགས་གློག་ཁང་ཉམས་གསོ་བྱས་རྗེས་འཕྲུལ་ཚན་གཉིས་ནས་ཉིན་ཤས་གོང་གློག་དངོས་སུ་གཏོང་འགོ་བཙུགས་ནས། སྐྱིད་གྲོང་འགག་སྒོ་དང་སྐྱིད་གྲོང་གྲོང་རྡལ་དུ་རྒྱུན་གཏན་ལྟར་གློག་བཏང་སྟེ་འགག་སྒོ་འཛུགས་སྐྲུན་དང་། སྒོ་དབྱེ་རྒྱ་ཆེར་གཏོང་བ། སྐྱིད་གྲོང་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་བཅས་ལ་གློག་ཤུགས་ཀྱི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།
         ཚེས་19ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་གཙོ་གནད་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཀྱི་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང“4·25”ས་ཡོམ་དྲག་པོའི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་སྐྱིད་གྲོང་འགག་སྒོའི་ཆུ་ཤུགས་གློག་ཁང་གི་ཆུ་ལེན་ལྟེ་གནས་དང་སྒུལ་ཤུགས་ཐབས་ལམ་སོགས་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད། མིག་སྔར་འཕྲུལ་ཚན་གཉིས་ནས་གློག་གཏོང་འགོ་ཚུགས་པ་དེས་སྐྱིད་གྲོང་རྫོང་གྲོང་དང་། རྫོང་དགའ་གྲོང་རྡལ། སྐྱིད་གྲོང་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་25དང་། དུད་ཚང་2738 མི་གྲངས་10094བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་སྤྱོད་པའི་གློག་ཐག་གཅོད་ཐུབ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི“གློག་གིས་འབུད་ཤིང་གི་ཚབ་བྱེད་པའི”རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་གློག་ཁང་དེ་ནི་2011ལོའི་ཟླ་5པར་ལས་འགོ་བཙུགས་པ་དང་2013ལོའི་ཟླ་10པར་གློག་གཏོང་འགོ་ཚུགས་ཡོད། སྐྱིད་གྲོང་རྫོང་གི་རྐང་འཛིན་གློག་ཁང་ཡིན་པའི་ངོས་ནས་བརྗོད་ན། རྫོང་དགའ་གློག་ཁང་གི་དྲ་སྦྲེལ་རྫོང་ཁོངས་གློག་དྲ་དེས་སྐྱིད་གྲོང་རྫོང་དང་འགག་སྒོའི་གློག་སྤྱོད་དགོས་མཁོ་སྤྱིར་ན་སྐོང་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།