འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོར་བྱ་སྒྲོའི་སྤོ་ལོའི་ལུས་སྦྱོང་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་21ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་18ནས་ཚེས་19ཉིན་བར་མཚོ་སྔོན་གྱིས“ཧྲུའུ་ཧྭ་བུམ་པའི”བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་ཐེངས་དང་པོ་སྤེལ་བས་མཚོ་སྔོན་གྱི་བྱ་སྒྲོའི་སྤོ་ལོར་དགའ་མཁན་200ལྷག་ཙམ་བྱེད་སྒོ་དེའི་ནང་ཞུགས་ཡོད་ལ། ཚོགས་ཆུང་ཁག་ཀྱང་ལོ་18ནས་ལོ་69བར་གྱི་ལོ་ཚད་ལྟར་ཁག་བཞི་ལ་དབྱེ་ཡོད་པ་རེད།
         ལོ་གསུམ་བྱ་སྒྲོའི་སྤོ་ལོ་རྒྱག་མྱོང་བའི་ལོ་36ལ་སླེབས་པའི་ཟི་ལིང་གི་གྲོང་མི་མ་ཆུང་གིས་བྱ་སྒྲོའི་སྤོ་ལོ་བརྒྱབ་ཚེ་སེམས་ལྷོད་དུ་བབས་ཐུབ་པ་མ་ཟད། མཇིང་ཚིགས་རྐེད་ཚིགས་ཀྱི་ནད་ལའང་ཕན་ཐོགས་འདུག བྱས་ཙང་གཟའ་འཁོར་རེར་ནང་མི་འཁྲིད་ནས་བྱ་སྒྲོའི་སྤོ་ལོ་རྒྱག་སར་སྤོ་ལོ་རྒྱག་པར་ཡོང་གི་ཡོད། ལོ་དེ་དག་ནང་བྱ་སྒྲོའི་སྤོ་ལོར་དགའ་མཁན་མང་དུ་ཕྱིན་པར་བརྟེན་སྤོ་ལོ་རྒྱག་ས་རག་གི་མི་འདུག་ལ། ཉིན་གཉིས་གསུམ་གྱི་གོང་ནས་སྤོ་ལོ་རྒྱག་ས་མངགས་དགོས་ཀྱི་འདུག”ཅེས་བརྗོད།
         དབྱར་ཁ་ཤར་ཚུན། མཚོ་སྔོན་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་མ་ཟད། བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་གཉེར་བའི་ནང་དམངས་ཡོངས་ཀྱི་ལུས་སྦྱོང་དམངས་ཁྲོད་བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་དང་། ཤར་ལྷོ་ནུབ་བྱང་དབུས་བཅས་ཀྱི་ཟི་ལིང་ས་ཚིགས་ཀྱི་བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར། གྲངས་ཉུང་མི་རིགས་ཀྱི་བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་སོགས་གཉེར་ཞིང་། གཟའ་མཇུག་ཏུ་ཟི་ལིང་གྲོང་ཁྱེར་ཁུལ་དུ་ཡོད་པའི་བྱ་སྒྲོའི་སྤོ་ལོ་རྒྱག་སར་རྒྱུན་དུ་མིས་ཁེངས་ཀྱི་ཡོད།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡར་འཕེལ་གྱིས་བྱ་སྒྲོའི་སྤོ་ལོའི་ལུས་རྩལ་དེ་ས་མཐོའི་མང་ཚོགས་ལ་འཚམ་པོ་ཡོད་ཅེས་བརྗོད་ཅིང་། ཁོང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་བྱེད་སྒོ་སྤེལ་བ་དེས་མང་ཚོགས་ཀྱི་གཟུགས་པོར་སྦྱོང་བརྡར་སྤྲོད་ཐུབ་པ་མ་ཟད། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་སྤོབས་སེམས་ཆེ་རུ་གཏོང་ཐུབ་པ་དང་འབྲེལ་ལུས་རྩལ་ཁྲོད་ནས་སྤྲོ་སེམས་ཡང་འཕེལ་ཐུབ་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།