འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་མཆོག་སྤྱི་ལོ་༡༩༤༣ལོར་དབུས་བསྐྱོད་
    འཚམས་ཞུར་ཕེབས་པའི་སྐོར་གླེང་བ།

    རྩོམ་པ་པོ། བཀྲ་ཤིས་ཚེ་བརྟན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ནང་དོན་གནད་བསྡུས།     གསར་བྱོན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དེབ་ཐེར་ཀུན་གསལ་མེ་ལོང་དང་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་སོགས་སུ་ ཏང་ཀྲུང་དབྱང་དང་མོའོ་ཀྲུའུ་ཞིས་བོད་ཞི་བས་བཅིངས་འགྲོལ་མྱུར་ཏུ་གཏོང་ཆེད། དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་ལྷ་སར་སྐུལ་སློང་ཕྱག་ལས་གནང་བར་བཏང་མོད། ནག་ཆུ་ཁར་བཀག་ཟློག་བྱས་སོ། ཞེས་པའི་ནོར་འཁྲུལ་གྱི་བཤད་རྒྱུན་འདི་བརྒྱུད་འགོད་ཀྱིས་མ་དག་རྒྱུན་འབྱམས་སུ་གྱུར་པ་རྐྱེན་བྱས་ཏེ། ནོར་འཁྲུལ་གྱི་བཤད་རྒྱུན་དེ་ཉིད་ཡོ་བསྲང་བྱེད་པར་བཤེས་གཉེན་གང་ཉིད་རྒྱལ་འབངས་སྲིད་གཞུང་སྐབས་སུ་དབུས་བསྐྱོད་འཚམས་ཞུར་ལྷ་སར་ཕེབས་པ་ནག་ཆུ་ཁར་ཇི་ལྟར་བཀག་ཟློག་བྱས་པ་གསལ་བཤད་ཀྱིས་བཤེས་གཉེན་ཁོང་གི་རྒྱལ་གཅེས་མཛད་པའི་ཟུར་ཅིག་བརྗོད་ཡོད་དོ།།
           བརྡ་ཆད་གཙོ་བོ།     དགེ་བའི་བཤེས་གཉེན་ཤེས་རབ་རྒྱ་མཚོ།  དབུས་བསྐྱོད་འཚམས་ཞུ། ནག་ཆུ་ཁ།
          དང་པོ།  གླེང་གཞི། 
          དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་(1884-1968)མཆོག་སྐུ་འཚོ་གཞེས་ཀྱི་རིང་དུ། ཁོང་གིས་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། བོད་རྒྱ་མཐུན་སྒྲིལ་སོགས་སྤྱི་ཚོགས་ཕྱོགས་ཡོངས་ནས་འཆམ་མཐུན་དང་འཕེལ་རྒྱས་སུ་འགྲོ་བར། རླབས་ཆེན་གྱི་མཛད་རྗེས་བསུབ་ཏུ་མེད་པ་འཇོག་གནང་མཛད་ཡོད་པ་ཡོངས་ཁྱབ་ཏུ་ཀུན་ལ་ངེས་ཤེས་གསལ་བོ་ཡོད་ནའང་། ལོ་རྒྱུས་དང་དེབ་ཐེར་ཁ་ཅིག་ཏུ་བཤེས་གཉེན་ཆེན་པོ་ཁོང་གི་མཛད་རྣམ་དང་ཁ་མི་མཐུན་པ་རེ་ཟུང་ཐོན་ཅིང་། ཕྱིས་ཀྱི་ལོ་རྒྱུས་རྩོམ་མཁན་ཁ་ཅིག་གིས་ཀྱང་ནོར་འཁྲུལ་གྱི་བཤད་སྲོལ་ལ་ལར་བརྟག་གཞིག་ཉག་ཙམ་མེད་པར་ཇི་ལྟ་བ་ལུང་འདྲེན་མཛད་དེ་མ་དག་རྒྱུན་འབྱམས་ཀྱི་འཁྲུལ་ཚབས་དེ་བས་ཆེ་རུ་སོང་ཡོད་པ་དང་། རྒྱུ་རྐྱེན་དེ་ལྟ་བུས་བཤེས་གཉེན་ཆེན་པོ་གང་གི་མཛད་པ་བཟང་པོར་གོ་ནོར་ཐེབས་ཤིང་།  ཕྱི་རབས་པ་དག་གིས་ཁོང་གི་རྒྱལ་གཅེས་ཀྱི་མཛད་པ་དག་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་པར་གེགས་སུ་འགྲོ་བ་ལ། འདིར་དེ་ལྟའི་འཁྲུལ་ཚབས་ཆེ་བའི་དཔེ་མཚོན་གྱི་མཚན་གཞི་ཞིག་སྟེ། ལོ་རྒྱུས་ཀྱི་དེབ་ཐེར་ཁ་ཅིག་ཏུ་ཚིག་ཟུར་མི་འདྲ་ཡང་དོན་གྱི་ཁ་སྟབས་གཅིག་མཐུན་གྱིས། ཏང་ཀྲུང་དབྱང་དང་མོའོ་ཀྲུའུ་ཞིས་བོད་ཞི་བས་བཅིངས་འགྲོལ་མྱུར་ཏུ་གཏང་ཆེད། དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་ལྷ་སར་སྐུལ་སློང་ཕྱག་ལས་གནང་བར་བཏང་མོད། ནག་ཆུ་ཁར་བཀག་ཟློག་བྱས་ཚུལ་བརྗོད་པའི་དོགས་གཞི་ཅན་གྱི་བཤད་རྒྱུན་འདི་བརྒྱུད་མར་བཀོད་པ་དཀྱུས་སུ་བཟུང་སྟེ་། དེ་དོན་དངོས་ཀྱི་ལོ་རྒྱུས་དང་ཇི་ལྟར་མི་མཐུན་པ་བཤེས་གཉེན་ཁོང་གི་མི་ཚེའི་སྟོད་སྨད་གཉིས་ཀྱི་མཛད་རིམ་དང་རིགས་བསྒྲེས་ཀྱིས་བརྗོད་པར་བྱའོ།།
          གཉིས་པ།  དགེ་བཤེས་ཤེས་རབ་རྒྱ་མཚོ་བོད་ཞི་བས་བཅིངས་འགྲོལ་མྱུར་ཏུ་གཏོང་བར་ལྷ་སར་སྐུལ་སློང་དུ་ཕེབས་ཏེ་ནག་ཆུ་ཁར་བཀག་རྐྱེན་གྱིས་ཕྱིར་བསྐྲད་བཏང་བ་ཞེས་ལོ་རྒྱུས་དེབ་ཐེར་ཁག་ཏུ་བརྗོད་པའི་བཤད་རྒྱུན་དེ་ཡང་དག་མིན་པར་སྒྲུབ་པ།
         དེ་ཡང་ཕུན་ཚོགས་ཚེ་རིང་གིས་བརྩམས་པ་སྤྱི་ལོ་༡༩༩༠ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བཏོན་པའི་དེབ་ཐེར་ཀུན་གསལ་མེ་ལོང་ཤོག་ངོས་༤༢༣་གྱི་གོང་ངོས་སུ། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཞི་བའི་ཐབས་ལམ་བརྒྱུད་བོད་མི་དམངས་ལ་གང་མྱུར་བཅིངས་འགྲོལ་ཐོབ་ཆེད་སྔོན་དུ་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་མཆོག་མཚོ་སྔོན་བརྒྱུད་བོད་དུ་གཏོང་གནང་མཛད་ཀྱང་ནག་ཆུ་ཁར་འབྱོར་སྐབས་བོད་ཀྱི་མཐོ་རིམ་ལོག་སྤྱོད་པས་དྲག་ཤུགས་ལ་བརྟེན་ནས་ཕྱིར་བསྐྲད།  ཅེས་བཀོད་མོད་ནའང་། དེ་ནི་བཤེས་གཉེན་ཆེན་པོ་ཁོང་གི་མི་ཚེའི་མཛད་རྣམ་དང་ཡོངས་སུ་མི་མཐུན་པའི་ནོར་འཁྲུལ་གྱི་གཏམ་ཡན་ཞིག་ལས་ཡང་དག་པ་ནི་མ་ཡིན་མོད།  འོན་ཀྱང་ཕྱིས་བྱོན་ཕྲེང་བར་སྤེལ་བའི་ལོ་རྒྱུས་དེབ་ཐེར་ཁག་ཅིག་ཏུ་ནོར་འཁྲུལ་གྱི་བཤད་རྒྱུན་འདི་ཚིག་ཟུར་ཙམ་བསྒྱུར་ཡོད་པ་མ་གཏོགས་དོན་གྱི་ཁ་སྟབས་གཅིག་མཚུངས་ཀྱིས་འདྲེན་རྐྱང་བྱས་ཏེ་བཅུག་ཡོད་དེ། དཔེར་ན།  བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བའི་སྨད་ཆའི་ཤོག་གྲངས་༧༣༠་ངོས་སུ། བོད་ཞི་བའི་བཅིངས་འགྲོལ་ཐོབ་ཆེད་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་མཚོ་སྔོན་བརྒྱུད་བོད་དུ་བསླབ་བྱ་བྱེད་པར་གཏོང་གནང་མཛད་ཀྱང་། ནག་ཆུ་ཁར་འབྱོར་སྐབས་བོད་ཀྱི་བཙན་རྒྱལ་དགའ་ཉེར་བསྟེན་སྐབས་ཁ་བྲལ་ཤོག་ཁས་དྲག་ཤུགས་ལ་བརྟེན་ནས་ཕྱིར་བསྐྲད་པ་རེད། ཅེས་བཀོད་ཡོད་པ་དང་། ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པ་སྤྱི་ལོ་༡༩༩༦ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བཏོན་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་གི་སྨད་ཆའི་ཤོག་གྲངས་༡༠༥༡་ངོས་སུ། སྤྱི་ལོ་༡༩༥༠ལོར་ཏང་ཀྲུང་དབྱང་དང་མོའོ་ཀྲུའུ་ཞིས་བོད་ལྗོངས་བཅིངས་འགྲོལ་བྱ་རྒྱུ་དང་། དེའང་བོད་ཞི་བའི་བཅིངས་འགྲོལ་ཐོབ་ཆེད་དགེ་བཤེས་ཤེས་རབ་རྒྱ་མཚོ་མཚོ་སྔོན་བརྒྱུད་ནས་ལྷ་སར་མངགས་ཏེ་བོད་མི་དམངས་ལ་སྐུལ་སློང་གི་ཕྱག་ལས་གནང་བར་ཕེབས་ཀྱང་། ནག་ཆུ་ཁར་འབྱོར་སྐབས་མཐོ་རིམ་དཔོན་རིགས་ཁག་གིས་བཀག་ནས་ཕྱིར་བཟློག ཅེས་བྲིས་ཡོད་པ་དང་། ཉེ་ཆར་བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་གིས་བཏོན་པའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ཧྲག་བསྡུས་ཞེས་པར་ཡང་གོང་དུ་ཞུས་པའི་གཡུ་ཕྲེང་དེབ་ཐེར་དངོས་གཞིའི་བཤད་རྒྱུན་དེ་ལྟར་རང་འཇགས་འགྱུར་བ་གང་ཡང་མེད་པར་དྲངས་ཡོད་པ་བཅས། བཤད་རྒྱུན་འདི་དག་ནི་ཚེགས་ཆུང་ངུས་རྟོག་ཞིབ་ཙམ་གྱིས་ཀྱང་ཕྱི་མའི་ལོ་རྒྱུས་དེབ་ཐེར་བརྩམས་མཁན་གྱིས་སྔ་མ་གང་ཞིག་ལ་ཟུར་བལྟ་བྱས་ཡོད་པ་མངོན་གསལ་དུ་ངེས་ལ། གལ་སྲིད་ལུང་འདྲེན་འདི་དག་བཤེས་གཉེན་གང་གི་མི་ཚེ་མཛད་རྣམ་དང་ཡོངས་སུ་མཐུན་ན་ནི་གླེང་བའི་འོས་སུ་མ་མཆིས་མོད། འོན་ཀྱང་བཤེས་གཉེན་གང་གི་དྲི་མ་བྲལ་བའི་རྒྱལ་གཅེས་ཀྱི་མཛད་པ་རྒྱ་མཚོ་ལྟ་བུ་ལས། གསར་བྱོན་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་གི་ཁྲོད་དུ་ཚིག་རིས་ཙམ་མངོན་པའང་འདི་ལྟར་སྐྱོན་དང་ནོར་འཁྲུལ་ཅན་དུ་བཀོད་ཡོད་པ་ད་དུང་རྒྱུན་འབྱམས་ཀྱིས་འཁྲུལ་ཉེན་དུ་ལུས་ཡོད་པར། ཁོ་བོས་བཤད་རྒྱུན་དེའི་འཁྲུལ་གཞི་ཇི་ལྟར་ཡིན་པའི་སྐོར་ལ་ལུང་རིགས་ཀྱི་སྒྲུབ་བྱེད་བཀོད་དེ་གླེང་བར་འདོད་དོ།། 
         གོང་ཞུས་རིམ་པ་ཅན་དུ་དྲངས་པའི་བཤད་རྒྱུན་དེ་དག་ཇི་ལྟར་ཡང་དག་མིན་པ་དགག་པ་ལ་གཉིས། དང་པོ། རྩོད་གཞི་ཡང་དག་མིན་པ་གསལ་བར་བརྗོད་པ་དང་། གཉིས་པ། རྩོད་གཞི་ཇི་ལྟར་ཡང་དག་མིན་པ་བཤེས་གཉེན་ཁོང་གི་མཛད་རིམ་གུང་བསྒྲིགས་ཀྱིས་ཞིབ་བརྗོད་བྱས་པའོ།
         དང་པོ་ནི། གོང་བཀོད་བཤད་རྒྱུན་དེ་དག་ནི་ལོ་ཚིགས་ཀྱི་སྔ་གཞུག་ལ་གཟབ་ནན་མ་བྱས་པ་ཡིན་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོའི་མི་ཚེའི་བྱུང་འཕེལ་ལོ་རྒྱུས་དངོས་དང་མི་མཐུན་པར་སྣང་ངོ་།།         
         གཉིས་པ་ནི། བཤེས་གཉེན་ཁོང་གི་གསུང་རྩོམ་པོད་གསུམ་ཆར་འདུས་པའི་རྩོམ་སྣ་༣༡༩་དང་། ཁོང་གི་ཆོས་སྲིད་གཉིས་ཀྱི་མཛད་རིམ་ཁག་བཀོད་པའི་ཆེད་བརྗོད་ཀྱི་རྩོམ་ཡིག་སོགས་ཡིག་རིས་ཅི་རིགས་དང་། ཡང་ན་དེ་སྔར་ཁོང་དང་འདྲིས་གཤིབ་ཆེ་བའི་ཉེ་མི་གང་རུང་གི་ངག་རྒྱུན་སོགས་སུ།   བཤེས་གཉེན་ཆེན་པོ་ཁོང་གིས་བཅིངས་འགྲོལ་སྔ་ཕྱིའི་དུས་སྐབས་ལ། བོད་མ་ཟད་མཚོ་སྔོན་སོགས་བོད་ཁུལ་གྱི་ཡུལ་ལུང་དུ་མར་ཆོས་སྲིད་གང་ཐད་ནས་ཞི་མཐུན་གྱི་མཛད་པ་རླབས་ཆེན་པོ་མང་པོ་འཇོག་གནང་མཛད་ཡོད་ནའང་། དོན་དངོས་སུ་མོའོ་ཀྲུའུ་ཞིས་དང་ཏང་ཀྲུང་དབྱང་གིས་བོད་ཞི་བའི་བཅིངས་འགྲོལ་གཏོང་ཆེད་དགེ་བཤེས་ཤེས་རབ་རྒྱ་མཚོ་བོད་དུ་སྐུལ་སློང་གི་ཕྱག་ལས་གནང་བར་མངགས་གཏོང་རྩ་བ་ནས་མཛད་མེད་པར་ངེས་ཤིང་། འདི་ནི་རྒྱལ་འབངས་སྲིད་གཞུང་དུས་སྐབས་སུ་བྱུང་བའི་དགེ་བའི་བཤེས་གཉེན་ཤེས་རབ་རྒྱ་མཚོའི་མཛད་རྣམ་འདི་དང་འཁྲུལ་ཏེ་མོན་ཡུལ་རྡོར་གཅོད་ཀྱི་རྗེས་སུ་སོང་བའི་གཏམ་དུ་ཟད་པ་རྟོགས་སླ་བས་བརྗོད་པར་བྱའོ།། 
         དེ་ཡང་སྤྱི་ལོ་༡༩༣༦ལོའི་ལོ་མཇུག་ཏུ། དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་ཁོང་ཉིད་དབུས་ཡུལ་ཆོས་སྡེ་ཆེན་མོ་འབྲས་སྤུངས་དགོན་པར་བཞུགས་དུས་ཁོང་གི་སྐུ་མདུན་དུ་སློབ་གཉེར་བྱེད་མྱོང་བའི་རྒྱའི་བོད་རིག་པའི་མཁས་པ་ལིས་ཏན་(黎丹) དང་དབྱང་ཀྲིས་ཧྥུའུ་(杨质夫) ད་རུང་དེ་སྔོན་ལྷ་སར་བཙུགས་ཡོད་པའི་བོད་སོག་ཨུ་ཡོན་ལྷན་ཁང་ལྷ་ས་དོན་གཅོད་ཁྲུའུ་ཡི་སྐུ་ཚབ་ཅང་ཀྲི་ཡུའུ་(蒋致于)གསུམ་གྱིས་མཚམས་སྦྱོར་བྱས་པ་བརྒྱུད་ཏེ་རྒྱལ་འབངས་སྲིད་གཞུང་སློབ་གསོ་པུའུ་ཡིས་ནན་ཅིང་དུ་གདན་དྲངས་ཏེ། རྒྱལ་བཙུགས་སློབ་ཆེན་ལྔར་བོད་ཀྱི་སྤྱི་བྱེའི་ཕུན་སུམ་ཚོགས་པའི་རིག་གནས་མང་པོ་རྒྱ་རིགས་ཀྱི་མཁས་པ་དང་སློབ་མ་མང་པོར་རིག་པ་རྣམ་པར་ཕྱེ་བའི་བགོ་སྐལ་དུ་བསྩལ་ཅིང་། རྒྱལ་ཁབ་ཀྱིས་བཙུགས་པའི་སློབ་ཆེན་ལྔའི་བོད་ཀྱི་རིག་གནས་གསུང་ཁྲིད་པའི་ཆོ་ལོ་བསྩལ། སྐབས་དེའི་གོ་མིན་ཏང་རྒྱལ་འབངས་སྲིད་གཞུང་གི་རྒྱལ་སའི་གྲོང་ཁྱེར་ནན་ཅིང་དང་ཁྲོན་ཆིང་སོགས་སུ་རྒྱ་བོད་མཐུན་ལམ་ལེགས་སྤེལ་དང་། མི་རིགས་མཐུན་སྒྲིལ་ཡར་སྐུལ། ནང་ཆོས་གཙོས་པའི་བོད་ཀྱི་རིག་གནས་དེང་རབས་ཅན་གྱི་སློབ་ཆེན་དུ་བརྒྱུད་བསྒྲགས་བཅས་ཀྱི་ཕྱག་ལས་ཅི་རིགས་མཛད་ལ། སྐབས་འདིར་རྒྱལ་ནང་དུ་འཛམ་གླིང་དམག་འཁྲུག་གཉིས་པའི་འཇར་འགོག་དམག་འཁྲུག་ཛ་དྲག་གི་སྒང་ལ་འཁེལ་ཞིང་། སྤྱི་ལོ་༡༩༤༡ལོའི་ཟླ་བཅུ་གཉིས་པའི་ཞི་བདེའི་རྒྱ་མཚོ་ཆེན་མོའི་དམག་འཁྲུག་ཁྲོད་འཇར་པན་གྱིས་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མི་ཉུང་བར་བཙན་འཛུལ་ཐེབས་དང་ཐེབས་བཞིན་པར། རྒྱལ་འབངས་སྲིད་གཞུང་གིས་བཙན་འཛུལ་བའི་དཔུང་བཟློག་ལ་དམག་རྒྱགས་སོགས་དུས་ལྟར་སྐྱེལ་འདྲེན་ཐུབ་པའི་ཉེན་སྐྱོབ་ཀྱི་ཆེད་དུ། རྒྱ་གར་ནས་བོད་ཤར་ཕྱོགས་ཀྱི་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་ཐག་བཅད་དེ་བོད་སྡེ་པ་གཞུང་ལ་ཞུ་སྐུལ་ཞུས་པར་ཕན་པའི་རྔོ་མ་ཐོག་པ་མ་ཟད། ཆུ་རྟ་(སྤྱི་ལོ་༡༩༤༢)ལོའི་ཟླ་༥པའི་ཚེས་༢༣་ཉིན་ཁྲིམས་འགལ་གྱི་སྒོ་ནས་ཕྱི་འབྲེལ་ལས་ཁུངས་བཙུགས། བོད་དུ་བཅའ་སྡོད་དབྱིན་ཇི་དང་བལ་པོའི་སྐུ་ཚབ་ལ་སླད་ཕྱིན་བྱ་བ་མཐའ་དག་ཕྱི་འབྲེལ་ལས་ཁུངས་མ་བརྒྱུད་པར་ཐད་ཀར་བཀའ་ཤག་ལ་འབྲེལ་གཏུགས་བྱེད་མི་ཆོག་ཟེར། བའི་གཏན་འཁེལ་བ་ལྟར། རྗེས་སོར་བོད་རྒྱ་བར་གྱི་དོན་རྐྱེན་ཆེ་ཕྲ་ཅི་རིགས་ཀྱང་ཐད་ཀར་བཀའ་ཤག་མི་བརྒྱུད་པར་ཕྱི་འབྲེལ་ལས་ཁུངས་བརྒྱུད་དགོས་པ་སོགས་བོད་རྒྱ་གཉིས་ཀྱི་འབྲེལ་བ་མཐུན་ལམ་མ་བྱུང་པར་རྙོག་འཛིངས་ཛ་དྲག་གི་གནས་སུ་སློང་བའི་སྐབས་འདིར། རྒྱལ་འབངས་སྲིད་གཞུང་གིས་གོང་གི་འགལ་རྐྱེན་དེ་དག་གཅིག་ཏུ་ཞི་ཐབས་སུ་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་གཙོས་པའི་ཚོ་ཆུང་གསུམ་གྱིས་གྲུབ་པའི་“བོད་བསྐྱོད་འཚམས་འདྲི་ཚོགས་པ་”ཞེས་པ་རྩ་འཛུགས་ཀྱིས་བཤེས་གཉེན་ཆེན་པོ་ཁོང་དང་དགེ་ཕྲུག་ལྷ་རམས་པ་བསྐལ་བཟང་རྒྱ་མཚོ། དྲུང་ཡིག་སྐལ་བཟང་བྱང་ཆུབ་དང་། རྒྱའི་བོད་རིག་པའི་མཁས་ཆེན་ཡང་ཀྲི་ཧྥུའུའམ་བོད་སྐད་དུ་བྱམས་བརྩེ་གྲུ་གཟིངས་དང་ཁོའི་སྐུ་ཟླ་ཧྥུན་ཡོན་ཤན(ཁམས་ཕྱོགས་ཀྱི་བོད་རིགས་)།  གཞན་རྒྱལ་འབངས་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་འགའ་དང་བཤེས་གཉེན་ཁོང་གི་འཁྲུངས་ཡུལ་མདོ་སྨད་རྡོ་སྦིས་ནས་ལྷ་སར་མཆོད་མཇལ་དུ་འགྲོ་མི་ལྷན་རྒྱས་མི་རྟ་བརྒྱ་ལྷག་ཉེ་བ་དབུས་གཙང་ཕྱོགས་སུ་བསྐྱོད། བཤེས་གཉེན་ཆེན་པོ་ཁོང་སྐུ་གཡོག་བཅས་པ་སྤྱི་ལོ་༡༩༤༤ལོའི་ཟླ་དང་པོའི་ཟླ་མཇུག་ཏུ་ནག་ཆུ་ཁར་འབྱོར་བྱུང་བ་དང་། འཆར་ཅན་ལྟར་ཁོང་ཚོས་བོད་དུ་མཆོད་མཇལ་དང་འཚམས་ཞུར་ཕེབས་སྐོར་ཞུས་པར། སྐབས་དེའི་བོད་སྡེ་པ་གཞུང་གི་བྱང་སྤྱིའམ་ནག་ཆུའི་སྤྱི་དཔོན་ལས་ཐོག་པ་ཕ་ལྷ་ཐུབ་བསྟན་འོད་ལྡན་གྱིས་ཐོག་མར་ཕེབས་བསུ་སོགས་ལུགས་མཐུན་ཞུས་ཤིང་།བཤེས་གཉེན་ཁོང་གིས་ཞུ་འབུལ་གནང་བའི་བོད་བསྐྱོད་དགོངས་འཆར་ལྟར་ཧ་ལམ་ཟླ་ངོ་གཅིག་ཙམ་གྱི་རིང་དུ་སྡེ་པ་གཞུང་ལ་ཞུ་འཕྲིན་ལན་གྲངས་དུ་མར་བསྐྱལ་བའི་མཐའ་མར། སྤྱི་དཔོན་ཕ་ལྷ་ཐུབ་བསྟན་འོད་ལྡན་གྱིས་བཤེས་གཉེན་ཁོང་གཙོས་པའི་བོད་བསྐྱོད་ཚོགས་པ་དེ་ལས་བཤེས་གཉེན་ཁོང་གཅིག་པུ་མ་གཏོགས་ཚོགས་མི་རྒྱ་རིགས་གཞན་པ་དང་དོས་ཟོག་ལྷ་སར་ཕྱིན་མི་ཆོག་པའི་སྡེ་པ་གཞུང་གི་གྲོས་ཆོད་བཤེས་གཉེན་ཆེན་པོ་ཁོང་ངོ་གཡོག་ལ་གསལ་བསྒྲགས་བྱས། སྐབས་ཐོག་དེའི་སྲིད་སྐྱོང་སྟག་བྲག་ནི་བཤེས་གཉེན་ཁོང་དང་ཐོབ་ཁུངས་གཅིག་པར་འབྲས་སྤུངས་དགོན་ནས་ཐོན་པ་ཡིན་ནའང་། གྲོས་ཆོད་དེ་ལྟར་དུ་ཐག་བཅད་ཅིང་། དོན་དམ་དུ་ཀུན་གྱིས་སྔོན་ནས་ངེས་ཤེས་ཚོད་དཔགས་བྱས་པ་ལྟར་འཁོར་དང་དོས་ཟོག་ཕྱིན་མ་ཆོག་པར་བཤེས་གཉེན་ཁོང་ཉིད་ལྷ་སར་ཕེབས་བཞུད་མི་མཛད་པའོ། ཞེས་འཁོད་པ་ལྟར་ཁོང་རྣམ་པ་ཕྱིར་ཕེབས་བཞུད་ཀྱི་ལམ་དུ་དོང་པའོ།།
         གོང་དུ་ཞུས་པའི་དོན་རྐྱེན་འདིའི་སྐོར་ལ་ཁོ་བོ་ཆེད་བསྐྱོད་ཀྱིས་ལོ་རྒྱུས་མཛད་རིམ་འདི་བརྒྱུད་མྱོང་བའི་བཤེས་གཉེན་ཁོང་གི་སྐབས་དེའི་གསོལ་ཐབ་པ་སྐུ་ཞབས་དཔལ་འབྱོར་རྒྱ་མཚོ་ ལགས་ལ་བཀའ་འདྲི་ཞུ་བར་ཕྱིན་པ་ཡིན། ཁོས་གསུང་རྒྱུར་“ལོ་དེའི་(༡༩༤༣ལོ)ཟླ་བརྒྱད་པར་རྡོ་སྦིས་ནས་མི་སེར་འུ་ལག་ལ་བརྟེན་པའི་ཐབས་ཀྱིས་དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་དང་ལྷན་དུ་ལྷ་རམས་པ་བསྐལ་བཟང་རྒྱ་མཚོ། ལྷ་རམས་པ་ཐོགས་མེད་སྤྲུལ་སྐུ་བསྐལ་བཟང་བསྟན་པ་དར་རྒྱས། ཨ་ཁུ་ཚེ་ལོ། ཤིང་བཟོ་ལིས་པོ་ཚོ་(རྒྱ་མི་)། དགུ་རུས་བེ་གུ་དཔལ་ལོ། ངོ་མའི་སྒར་གྱི་སྐུ་ཞབས་འཇིགས་མེད། བསམ་གཏན། ངོས་གསུམ་དང་རུ་གོང་མའི་འཕགས་པ་ཚེ་རིང་། གཞན་བླ་བྲང་སྒང་ཁ་ནང་ཆེན་གྱི་སྐུ་ཞབས་གྲགས་པ་དང་ཆས་བུ་ཤིས་ཆོས་འཕེལ། ལ་མོ་བདེ་ཆེན་དགོན་གྱི་སྐུ་ཞབས་བློ་བཟང་(སྣུམ་འབོག་)། དགུ་རུས་དཀོན་མཆོག། རུ་གོང་མའི་དོན་གྲུབ་ཕྱུག་པོ་མ། ལུང་རིགས་རྒྱ་མཚོ་(དགེ་བཤེས་རིན་པོ་ཆེའི་སྐུ་ཚ)། བཅས་ཐོག་མར་ཟི་ལིང་ནས་ལམ་དུ་ཆས། སྐུ་འབུམ་ནས་དགུ་བའི་ལྷ་མཇལ་བྱས་ཚར་ཅིང་ཟི་ལིང་དུ་ཟླ་ངོ་གཅིག་ཙམ་གྱི་རིང་ལ་གྲ་སྒྲིག་བྱས། འཆར་ཅན་ལྟར་ང་ཚོ་སྔོན་ལ་ཕྱིན་ཅིང་དགེ་བཤེས་རིན་པོ་ཆེ་ཐོག་མར་ལྷ་སར་གནམ་གྲུས་ཕེབས་རྩིས་གནང་གིན་ཡོད་པ་དོན་དུ་མ་སྨིན་པས་རྗེས་སོར་ང་ཚོའི་རྗེས་སུ་མཚོ་ལྷོ་བྲག་དཀར་རྫོང་གི་ཧོ་ཁ་ནས་ཟིན། ང་ཚོས་ལམ་གྱི་དཀའ་སྡུག་གང་མང་ཁྱད་དུ་བསད་དེ་ནག་ཆུར་འབྱོར། དེའི་དུས་ཀྱི་ནག་ཆུའི་སྤྱི་དཔོན་ཕ་ལྷ་ཐུབ་བསྟན་འོད་ལྡན་ཡིན་ལ། ཁོང་ནི་ཏག་ཏག་རིན་པོ་ཆེའི་དགེ་ཕྲུག་ཅིག་རེད། ང་ཚོ་དང་པོ་ནག་ཆུར་འབྱོར་དུས་ཆིབས་བསུ་རྒྱ་ཆེན་པོ་བྱས་ལ་དེ་ནས་རིམ་པར་ལྷ་སའི་སྡེ་པ་གཞུང་གི་བཀོད་སྒྲིག་བཞིན་བོད་དུ་དགེ་བཤེས་རིན་པོ་ཆེ་མ་གཏོགས་ཕེབས་མི་ཆོག་པའི་བརྡ་བསྟན། དེར་ཟླ་ངོ་གཅིག་ལྷག་ཙམ་གྱི་རིང་ལ་ཕན་ཚུན་གྲོས་མོལ་ཡང་དང་ཡང་དུ་མཛད་ཅིང་སྤྱི་དཔོན་ཁོང་ཉིན་མཚན་རེས་མོས་སུ་རིན་པོ་ཆེའི་སྐུ་གམ་དུ་བཅར་ཞིང་སྡེ་པ་གཞུང་གི་གསུང་བཀོད་བཞིན་རིན་པོ་ཆེ་གཅིག་པུ་ཕེབས་ན་ལེགས་པོ་མིན་ཚུལ་ལབ་པ་ལྟར་རིན་པོ་ཆེས་ཀྱང་ཞལ་བཞེས་མཛད་ལ། སྤྱི་དཔོན་ཕ་ལྷས་རིན་པོ་ཆེ་ལ་གུས་བཀུར་མཚོན་བྱེད་དུ་ཟས་གོས་ཀྱི་གཏང་རག་དང་ཕྱི་རྒྱལ་གྱི་དཀྲུམ་མདའ་ཞིག་ཕུལ་བ་དང་། དེ་མིན་བོད་དམག་ལྔ་བཅུ་ལྷག་གིས་ང་ཚོ་ཁམས་ཡུལ་ཤུལ་གྱི་དགེ་སྒྱེའུ་བར་དུ་སྐྱེལ་མ་མཛད།”ཅེས་གསལ་བར་གསུངས་བྱུང་ངོ་།།
          བཤེས་གཉེན་དམ་པ་ཁོང་གིས་བོད་རྒྱ་མཐུན་ལམ་ཡར་སྐུལ་དང་འཇར་འགོག་དམག་འཁྲུག་རྣམ་པར་རྒྱལ་བ་ལ་དགུང་ལོ་མཐོན་པོར་འཕགས་ཀྱང་སྲོག་བསྡོས་ཀྱིས་མཛད་པའི་འཁུར་བཞེས་པ་དོན་དུ་མ་སྨིན་པས། ལོ་ངོ་མང་པོའི་རྗེས་སུའང་ཁོང་གིས་དོན་འདི་མ་བསྙེལ་པར་ཐུགས་ལ་བཏེགས་ཡོད་པས་ན། ཁོང་གི་གསུང་རྩོམ་པོད་གཉིས་པ་ལས་འབྲས་སྤུངས་སྒོ་མང་ངག་དབང་ལེགས་ལྡན་དང་། ཆོས་མཛད་དྲི་མེད་གཉིས་ལ་ཕུལ་བའི་ཞུ་འཕྲིན་དུ། མྱོང་གྲོལ་འཆི་མེད་བདུད་རྩིའི་མཛོད་ཐོགས་ནས།། གངས་རིའི་ལྗོངས་ཀྱི་ཆོས་སྲིད་གསོ་སྙམ་ཡང་།། འུག་སེར་གདོན་གྱིས་སྨྱོས་པའི་ཕྲག་དོག་དང་།། ལྷ་མ་ཕྲ་མ་གཅིག་ཏུ་སྒྲིལ་བས་བཀག། འཕགས་མཆོག་འཇམ་དཔལ་དགྱེས་པའི་བློ་གྲོས་ཆེ།། ཕྲ་ཞིབ་ཤེས་རབ་རྣམ་བཞིའི་རྒྱ་མཚོ་ང་།། ཡུལ་དབུས་འཛིན་མའི་ཁྱོན་ལ་དགེ་འགྱུར་མོད།། བླུན་པོས་མ་འཚལ་མ་ཡང་སྲིན་མོར་མཐོང་།། ཞེས་ཚུལ་དེར་ཐུགས་ཧ་ཅང་ཕངས་པའི་ངག་ཏུ་ཐལ་བའང་ཡོད་དོ།། 
         གསུམ་པ། དགེ་བཤེས་ཤེས་རབ་རྒྱ་མཚོའི་རྒྱལ་གཅེས་ཀྱི་དགོངས་པ་དེ་ཡུལ་དུས་ཀྱི་ཚད་བཀག་མེད་པ་སྟོན་པ།     འཇར་འགོག་དམག་འཁྲུག་སྤྱི་ལོ་༡༩༤༥ལོར་ཞི་འཇགས་སུ་གྱུར་ནའང་། གོ་མིན་ཏང་གི་སྲིད་དབང་ཡོངས་སུ་ཉམས་དམས་སུ་གྱུར། སྤྱི་ལོ་༡༩༤༩ལོའི་སྔ་རྟིང་དུ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་ཉིད་གང་དུའང་མ་ཕེབས་པར་གང་གི་འཁྲུངས་གཞིས་མདོ་སྨད་རྡོ་སྦིས་ཀྱི་རང་གི་གདན་ས་རྡོ་སྦིས་གྲྭ་ཚང་དུ་བཞུགས་པར། ཕ་ཡུལ་གྱི་སློབ་མ་དང་ཡུལ་མི་རྒན་རབས་རྣམས་ཀྱིས་དེ་སྔར་ཁོང་གིས་གོ་མིན་ཏང་སྲིད་གཞུང་དུ་གོ་གནས་ཆེར་བཞེས་ཀྱི་མཛད་པ་བསྐྱངས་པ་ལ་རེ་ཞིག་དོགས་ཁྲལ་གྱིས་མ་བཟོད་པར་ཁོང་ཉིད་གནས་གང་རུང་ཞིག་ཏུ་གབ་བཞུགས་གནང་དགོས་པའི་ཞུ་ནན་བསྐྱངས་པར། མདོ་སྨད་ཀྱི་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་གདན་ས་མདོ་སྨད་རྫོང་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་དུ་བྱོན(མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་ཁོངས་སུ་མཆིས།)ཏེ་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་བསྐྱངས་མུས་སུ་བཞུགས་ཤིང་། ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་ཤོག་གྲངས་བཞི་བརྒྱར་ལོངས་པའི་རྣམ་ཐར་གྱི་མཇུག་རྩོམ་ཡོངས་སུ་གྲུབ་ལ་ཉེ་བའི་མཚམས། ལོ་དེའི་སྤྱི་ཟླ་བཅུ་བར་མཚོ་སྔོན་དམག་སྲིད་ཨུ་ལྷན་གྱིས་བཤེས་གཉེན་ཁོང་ཉིད་གང་བཞུགས་རྩད་ཆོད་ཀྱིས་གུང་ཁྲན་ཏང་གིས་གསར་བཙུགས་མཚོ་སྔོན་མི་དམངས་སྲིད་གཞུང་དུ་ཕྱག་རོགས་བགྱི་འོས་པའི་སྐུལ་སློང་ཕོ་ཉ་ཡང་དང་ནན་གྱིས་བཏང་སྟེ་གདན་འདྲེན་ཞུས་པར། བཤེས་གཉེན་ཁོང་གིས་ཞལ་བཞེས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་སྐུ་གཞོན་དང་ཀྲུའུ་ཞི་སྐུ་གཞོན་སོགས་ཀྱི་འགན་བཞེས་ཏེ་གསར་རྙིངའཐབ་རེས་ཀྱི་དུས་འགྱུར་རྒྱ་མཚོའི་དྲག་རླབས་བཞིན་འཁྲུགས་པའི་དུས་དེ་དག་ལ། མདོ་སྨད་ཀྱི་མཚོ་སྔོན་དང་ཀན་སུའུ་སོགས་སུ་ཕྱེ་བའི་བོད་ཀྱི་ཡུལ་གྲུ་གང་དུ་འཁྲུལ་རྐྱེན་དཀའ་རྙོག་མཐིལ་མི་ལོན་པ་ཡོད་ཚེ། དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་གིས་སྐུ་ཚེགས་ལ་མི་འཛེམས། དཀའ་ངལ་ལ་ཞུམ་པ་མེད་པར་མདོར་ན་སྲོག་བསྡོས་ཀྱིས་འབྱོན་བཞུད་གནང་སྟེ་དུས་བདེ་ཞོད་འཇགས་ལ་ཆར་བ་ཆུ་གྲོགས་སུ་འཁྱེར་བའི་འཕྲིན་ལས་རླབས་པོ་ཆེ་བསྐྱངས། དེ་མིན་ཁོང་མཚོ་སྔོན་ཟི་ལིང་དང་པེ་ཅིང་གཉིས་སུ་གཏན་བཞུགས་ཀྱི་ཚེ་ནང་སའི་ཡུལ་གྲུ་མང་པོར་ཡང་དགོས་དབང་གིས་ལེགས་མཛད་འཕྲིན་ལས་བསྐྱངས་པར་ཞབས་ཕེབས་གནང་ཞིང་། དུས་སྐབས་དེ་དག་ལ་ཡོ་རོབ་ཀྱི་སུའུ་ལེན་དང་རོས་ཏེན། ཨེ་ཤ་ཡའི་རྒྱ་གར་དང་འབར་མ། སིང་ག་ལ་དང་ནཱེ་པ་ལ་སོགས་ཕྱི་ཡི་རྒྱལ་ཁབ་ཁ་ཤས་ལ་ཡང་བསྟན་འགྲོའི་མཚན་ལར་སྨན་པའི་མཛའ་མཐུན་བགྲོ་འོངས་ཀྱི་དབུ་ཁྲིད་མཛད་པ་བསྐྱངས་པར་ཕེབས་མྱོང་ནའང་། སྤྱི་ལོ་༡༩༤༩ལོར་བཅིངས་འགྲོལ་བྱེད་པའི་ཚུན་ཆད་ནས་དབུས་གཙང་ཡུལ་དུ་ཕེབས་མྱོང་མི་འདུག།  མི་ལོ་སུམ་ཅུ་སོ་གཉིས་ཙམ་གྱི་རིང་ལ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་གིས་ལྷ་ས་དང་ལྷ་སའི་ཉེ་འདབས་ཀྱི་ཇ་རྩམ་གྱི་ཞལ་ཟས་སྤྱད་ཏེ་སློབ་གཉེར་མཐར་ཕྱིན་པར་མཛད་པས། ལྷ་སའི་ཡུལ་ཕྱོགས་ནི་ཁོང་ལ་མཚོན་ན་ཁོང་གི་འཁྲུངས་ཡུལ་དངོས་དང་ཁྱད་མི་འདུག་པས། ཁོང་ཉིད་པེ་ཅིང་དུ་བཞུགས་རིང་ལ་བོད་ཀྱི་རྒྱལ་བ་པཎ་ཆེན་གཙོས་པའི་བླ་ཆེན་དང་དགེ་བའི་བཤེས་གཉེན། དེ་སྔོན་འདྲིས་ཆེ་བའི་སློབ་བུ་ཞབས་པད་དང་སྐུ་དྲག་ཅི་རིགས་ལ་ཆབ་ཤོག་ཕར་གཏོང་ཚུར་གཏོང་དང་བསླབ་བྱ་གནང་བ་ལས་ཁོང་ཉིད་ཀྱི་ཐུགས་ཟབ་མོ་དབུས་གཙང་ཡུལ་ལ་བརྩེ་བས་འཁྲིལ་ཞིང་དེར་ཕེབས་དགོངས་དྲག་པོ་ཡོད་པ་གསལ་མོད། འོན་ཀྱང་གོང་གི་ལོ་རྒྱུས་ཀྱི་དེབ་ཐེར་ཀུན་ཏུ་བརྒྱུད་མར་སྤེལ་བའི་བཤད་རྒྱུན་དེ་ལྟར་དང་། དེ་མཚུངས་ཀྱི་བོད་བསྐྱོད་ཉེར་བསྡོགས་ཙམ་ཡང་མེད་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་གི་མི་ཚེའི་ལོ་རྒྱུས་གཙང་མའི་ཁྲོད་དུ་ཤིན་ཏུ་གསལ་བོ་རེད་དོ།།      དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་གིས་བོད་རྒྱ་མཐུན་ལམ་དང་། མི་རིགས་མཐུན་སྒྲིལ། རིག་གནས་ཡར་སྐུལ་སོགས་སྒོ་མང་པོར་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ་དེ་བཞིན་དུ། སྐབས་དེར་བོད་ཡུལ་དུ་ཞལ་འཚོ་བའི་མཁས་ཆེན་དང་བླ་སྤྲུལ་མང་པོ་ཞིག་གིས་ཀྱང་དུས་བསྟུན་གྱི་སྤྱི་ཕན་ཆོས་མཐུན་གྱི་མཛད་པ་ཅི་རིགས་བསྐྱངས་ཡོད་པའང་། ངོ་བོ་མཚུངས་ལ་རྣམ་པ་མི་འདྲ་བ་དཔྱད་ཡུལ་གླེང་རིན་འབེལ་པོ་ཡོད་པ་ནོར་བུ་མཛོད་སྤུངས་ཀྱི་ཚུལ་དུ་ལུས་ཡོད་མོད་ནའང་། རང་ཅག་ཕྱི་རབས་དག་ནི་མཛོ་བདག་མཛོ་ལ་རྒྱུས་མེད་ཀྱི་དཔེ་ལྟར་ཁོང་རྣམ་པའི་མཛད་པ་གླེང་བའི་ཚེ། བཤད་རྒྱུན་དང་ཤོད་སྲོལ་མི་དག་པ་ཅི་རིགས་བྱུང་གིན་ཡོད་དེ། ཉེ་བའི་ཆར་གླིང་ལྔའི་དར་སྤེལ་པར་སྐྲུན་ཁང་གིས་བཏོན་པའི་ཀྲང་ཤོ་མིང་(张晓明)གིས་བསྒྲིགས་པའི་《བོད་ཀྱི་ལོ་བརྒྱའི་མིག་མཐོང་རྟགས་མཚན་》ཞེས་པའི་སྒྲིག་རྩོམ་དུ། བང་ཏུ་རུང་(王德荣)གིས་བརྩམས་པའི་《ཤར་ཚང་བླ་མ་དང་མཉམ་དུ་བོད་དུ་བསྐྱོད་པའི་ཟིན་ཐོ་》རུ་“བོད་ས་གནས་སྲིད་གཞུང་གིས་ཞི་བའི་བཅིང་འགྲོལ་གཏང་རྒྱུར་མྱུར་ཏུ་དང་ལེན་བྱ་ཆེད། ༡༩༥༠ལོའི་ཟླ་བ་ལྔ་བར། མཚོ་སྔོན་དུ་རྒྱལ་བ་རིན་པོ་ཆེའི་སྐུ་གཅེན་སྟག་འཚེར་སྤྲུལ་སྐུ་ཐོན་ཀྲང་དང་། རེབ་གོང་རོང་བོ་དགོན་ཆེན་གྱི་ཤར་སྐུ་ཕྲེང་བདུན་པ་དང་གསེར་ཁོག་དགོན་གྱི་ཞྭ་ལུ་སྤྲུལ་སྐུ་ཐོན་ཀྲང་ཟུར་པ་དང་། ཤར་སྐུ་ཕྲེང་བདུན་པའི་སྐུ་གཅེན་དགེ་ལེགས་རྒྱ་མཚོ་དྲུང་ཡིག་དང་གློག་ཏར་ཡིག་སྒྱུར་བ་དང་འཕྲུལ་གཉེར་བ་དང་ལོ་ཙཱ་བ་བཅས་མི་སྣ་༢༠ལྷག་ཙམ་བོད་དུ་བཏང་” ཞེས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་འདི་ལྟ་བུ་ཞིག་ཀྱང་གསལ་བོར་བཀོད་འདུག་པས། མཛད་འཕྲིན་སྙིང་བསྡུས་གཅིག་ལ་མཛད་པ་གནང་མཁན་མི་འདྲ་བ་མང་པོ་ཐོན་ཏེ་འདི་དག་སྔ་ཕྱི་ཕན་ཚུན་འཁྲུལ་ཉེས་བྱུང་བ་ལའང་ཐུགས་ཁག་མི་འདུག་སེམས་སོ།། 
         བཞི་བ། མཇུག་བསྡུ་བའི་གཏམ།
         མཐར་དྲིལ་ནས་བརྗོད་ན་འདིར་རྩོད་གཞིར་བཟུང་བའི་བཤད་རྒྱུན་དེ་དག་ནི་ལོ་ཚིགས་ཙམ་ནོར་བ་མ་གཏོགས་སྐྱོན་ཅི་ཡང་མེད་པའི་ཟོལ་དུ་འདུག་མོད། ལོ་ཚིགས་ནོར་བ་ཙམ་པོ་འདིའི་དོན་གྱི་བརྗོད་བྱ་ཐམས་ཅད་ཡོངས་ཁྱབ་ཏུ་འཁྲུལ་ཞུགས་སུ་གྱུར་པས། འདི་ནི་གནམ་གང་ནས་འཛོལ་ན་ཟླ་བ་གཅིག་ལ་ནོར་བའི་གལ་ཆེའི་རང་བཞིན་དུ་མཐོང་སྟེ། བཤེས་གཉེན་མཆོག་གི་ཆོས་མཐུན་གྱི་མཛད་པ་འདི་བཞིན་ཞིབ་བརྗོད་ཀྱིས་ཀུན་ལ་ངེས་ཤེས་ཟབ་ཐོབ་ཀྱིས། བཤེས་གཉེན་ཁོང་གི་ཐུན་མོང་གི་མཛད་རྣམ་གཞན་དག་ལའང་གཞི་ནས་ངེས་རྟོགས་ཡོང་བའི་འདུན་པས་ཀུན་ནས་བསླངས་ཏེ། སྨྱུག་ཐོགས་པ་ཁོ་བོས་ཧ་ལམ་ལོ་བཅུའི་སྔོན་དུ་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གཱའི་ལྡེ་མིག་གི་རྩོམ་པ་པོ་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ལ་དངོས་བཅར་གྱིས། གོང་དུ་བརྗོད་ཟིན་པའི་དགེ་བཤེས་ཤེས་རབ་རྒྱ་མཚོའི་མཛད་པའི་སྐོར་བརྗོད་པའི་བཤད་རྒྱུན་དེ་དོན་དངོས་དང་ཇི་ལྟར་མི་མཐུན་པ་ངག་ཐོག་དང་ཡི་གེ་གཉིས་ཆའི་ལམ་ནས་དངོས་བསྟར་སྤྱན་འབུལ་ཞུས་པར། དགེ་རྒན་ཁོང་གིས་ནོར་འཁྲུལ་ངོས་ལེན་གྱིས་རྗེས་སོར་ལོ་རྒྱུས་དེབ་ཐེར་འདི་ཉིད་བསྐྱར་བསྐྲུན་གྱི་ཚེ། ལེགས་བཅོས་གནང་རྒྱུའི་ཞལ་གཞེས་གནང་བ་དེ་ལྟར་དོན་འཁྱོལ་བྱས་ཡོད་པ་དེ་ལྟར་དུ། དེབ་ཐེར་ཀུན་གསལ་མེ་ལོང་གི་རྩོམ་པ་པོ་སྐུ་ཞབས་ཕུན་ཚོགས་ཚེ་རིང་ལགས་ལ་དངོས་བཅར་གྱིས་ཞུ་འབུལ་བྱུང་བའི་བསྐལ་བ་མ་སྨིན་ཡང་། གལ་སྲིད་གུས་ཕྲན་གྱི་རྩོམ་འདི་རང་སྙན་གསན་བྱུང་པའི་བསྐལ་བ་བྱུང་ན། སྐུ་ཞབས་ཁོང་གིས་ཀྱང་དགའ་བས་དང་བླངས་ཀྱིས་འཁྲུལ་བསྐྱུངས་ཡོ་བསྲང་ལེགས་བཅོས་བྱ་ངེས་པའི་ཡིད་ཆེས་བློ་ངོར་ལིང་ལིང་ཤར་བ་དང་བཅས། མདོར་ན། དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་རྟོགས་དཀའི་རླབས་ཆེན་གྱི་ངོ་མཚར་བའི་མཛད་པ་ཅི་རིགས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་མཐིལ་ཐོན་པར་དུས་ཀྱི་ཁྱད་གཤིས་དང་མཐུན་སྦྱོར་གྱིས། ཕྱི་རབས་པ་དག་ལ་ངོས་སྤྲད་འོས་སྦྱོར་བྱ་རྒྱུ་ནི་སྤྱི་བྱེའི་དོན་ཀུན་འགྲུབ་པར་དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་གཡོལ་མེད་ཅིག་ཏུ་མཐོང་ངོ་།།  
         བཀྲ་ཤིས་ཚེ་བརྟན། རིག་དངོས་དོ་དམ་པ། ད་ལྟ་བོད་ལྗོངས་ཕོ་བྲང་པོ་ཏཱ་ལ་དོ་དམ་ཁྲུའུ་རིག་དངོས་ཞིབ་འཇུག་ཁང་དུ་རིག་དངོས་ཞིབ་འཇུག་གི་ལས་ཀ་གཉེར་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།