འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་དབང་ལྔ་པ་ཆེན་པོའི་ཕྱག་འཕྲིན་རབ་སྙན་རྒྱུད་མང་ལས་བོད་བརྒྱུད་ནང་བསྟན་
    གྱི་ལྟ་དགོངས་མན་ཇུའི་རྒྱལ་བློན་གྱི་འདུ་ཤེས་སུ་བརྡ་སྤྲད་ཚུལ།

    རྩོམ་པ་པོ། བཀྲ་ཤིས་ཚེ་བརྟན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ནང་དོན་གནད་བསྡུས།     རྩོམ་འདིར་རྒྱལ་དབང་ལྔ་པ་ཆེན་པོའི་ཕྱག་འཕྲིན་སྙིང་བསྡུས་རྒྱ་བོད་ཧོར་སོག་གི་མཆོག་དམན་བར་བ་རྣམས་ལ་འཕྲིན་ཡིག་སྙན་ངག་ཏུ་བཀོད་པ་རབ་སྙན་རྒྱུད་མང་ཞེས་པ་ལས། རྒྱལ་དབང་མཆོག་གིས་མན་ཇུ་རྒྱལ་པོས་བཏང་བའི་གསེར་ཡིག་པར་སླར་བསྩལ་བའི་ཕྱག་འཕྲིན་དཀྱུས་སུ་བཟུང་སྟེ། རྒྱལ་དབང་ལྔ་པ་ཆེན་པོས་བོད་བརྒྱུད་ནང་བསྟན་མན་ཇུ་རྒྱལ་བློན་གྱི་འདུ་ཤེས་སུ་ཇི་ལྟར་བརྡ་སྤྲད་ཚུལ་ལ་དཔྱད་པའི་ཁུལ་བྱས་ཡོད་དོ།  །
         བརྡ་ཆད་གཙོ་བོ།     རྒྱལ་དབང་ལྔ་པ་ཆེན་མོ།  བོད་བརྒྱུད་ནང་བསྟན།  ཤུན་ཙི།  མན་ཇུ།
         དང་པོ།  གླེང་གཞི།
         འཛམ་བུ་གླིང་གི་གྲངས་ཀྱིས་མི་ཟིན་པའི་འགྲོ་བ་མིའི་རིགས་ལ་བྱེ་བྲག་ཏུ་ཁམས་དང་མོས་པ་ཐ་དད་པར་མཆིས་ནའང་། འཇིག་རྟེན་ངོས་འཛིན་ཚུལ་དང་། ཆོས་ལུགས་ཀྱི་འདུ་ཤེས་འཛིན་སྟངས་སོགས་ལ་ཡོངས་ཁྱབ་རང་བཞིན་དང་། གཅིག་དྲིལ་རང་བཞིན་གྱི་སྤྱིའི་ཁྱད་ཆོས་ལྡན། དེ་ལྟའི་ཡོངས་ཁྱབ་དང་གཅིག་དྲིལ་རང་བཞིན་གྱི་འདུ་ཤེས་འཛིན་སྟངས་དེ་ཡང་གློ་བུར་དུ་བྱུང་བ་མིན་པར། ཁམས་དང་མོས་པ་མི་འདྲ་བའི་གང་ཟག་དེ་དག་ཕན་ཚུན་འབྲེལ་འདྲིས་མཉམ་སྡོད་ཡུན་རིང་བྱས་པ་དང་། དེ་མིན་ཁམས་མོས་ཀྱི་འདུ་ཤེས་འཛིན་སྟངས་དེ་ལྟ་བུ་ཇི་ལྟར་ཡོད་པའི་ཚུལ། ཚད་ལྡན་གྱི་གཞུང་ལུགས་མཁྱེན་པའི་མི་སྣས་རྣམ་དཔྱོད་ཀྱིས་ཟིན་པའི་མཛད་པ་ལ་བརྟེན་ནས་འབྲེལ་འདྲིས་འགྲོ་འོངས་ཀྱི་གོ་སྐབསས་ཤར་ཚེ། ད་གཟོད་མིའི་འདུ་ཤེས་འཛིན་སྟངས་ལ་འགྱུར་ལྡོག་འབྱུང་བའི་དུས་སྐབས་ཤིག་ཤར་འོང་ངེས་སོ།།
          གཉིས་པ། བོད་བརྒྱུད་ནང་བསྟན་གྱི་ལྟ་དགོངས་མན་ཇུའི་རྒྱལ་བློན་གྱི་འདུ་ཤེས་སུ་བརྡ་སྤྲོད་ཐུབ་པའི་རྒྱུ་གཙོ་བོ་བཤད་པ། 
         འདིར་རྒྱལ་དབང་ལྔ་པ་ཆེན་པོའི་ཕྱག་འཕྲིན་རབ་སྙན་རྒྱུད་མང་ལས་འཕྲོས་ཏེ། འགྲོ་བ་མིའི་རིགས་ཀྱི་འདུ་ཤེས་འཛིན་སྟངས་ཐ་དད་པ་ཀུན་ལས་ཡོངས་ཁྱབ་དང་གཅིག་དྲིལ་རང་བཞིན་ལྡན་པའི་ཆོས་ལུགས་ཆེན་པོ་གསུམ་ལས།སངས་རྒྱས་ཆོས་ལུགས་ཀྱི་སྙིང་པོ་ལྟ་བུའི་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་མན་ཇུའི་རྒྱལ་བློན་གྱི་འདུ་ཤེས་སུ་བརྡ་སྤྲོད་ཐུབ་པའི་ཉེར་ལེན་གྱི་རྒྱུ་དང་། རྐྱེན་གཙོ་བོ་ནི་རྒྱལ་དབང་ལྔ་པ་ཆེན་མོ་ནང་བསྟན་གྱི་ལྟ་གྲུབ་རྣམ་བཞག་ལ་ནང་བྱན་ཆུབ་པ་དང་། ཁོང་ལ་གསུང་ཟུར་ཙམ་གྱིས་ཀྱང་ཕ་རོལ་པོའི་ཡིད་འགུལ་གོ་སྐོན་ཐུབ་པའི་གཟི་བྱིན་ཐུན་མོང་མིན་པ་ལྡན་པ་དེ་ཡིན།དེ་ལྟར་ཡིན་ཚུལ་ནི་རྒྱལ་དབང་མཆོག་ལ་མན་ཇུ་ཤུན་ཙི་རྒྱལ་པོས། ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་གསེར་ཐམ་གྱིས་བཀུར་བ་དང་ཆབས་ཅིག་གསེར་གྱི་འཇའ་ས་གླེགས་བུ་བཅོ་ལྔ་ཡོད་པར། གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཀྱི་ཆོས་སྲིད་མཛད་རྣམ་ལས། ཏཱ་ལའི་བླ་མ་བློ་བཟང་རྒྱ་མཚོ་གང་ཉིད་མཁྱེན་རྒྱ་ཡངས་ཤིང་། སྒོ་གསུམ་གྱི་ཉེས་སྤྱོད་ཐམས་ཅད་སྤངས་པ་དང་།ཏིང་ངེ་འཛིན་དང་ཤེས་རབ་གཉིས་ཀ་སྒོམ་ཞིང་། གཟུགས་དང་སྟོང་པ་གཉིས་ཀ་མེད་པ་ཆགས་པའི་ཐོགསངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་མཛད་དེ་མགོ་རྨོངས་པ་རྣམས་ཀྱི་བློ་སྒོ་འབྱེད་ཐུབ་པ་དང་། ཤར་ཕྱོགས་སུ་སྙན་གྲགས་ཁྱབ་པ○1ཞེས་དང་། དེ་ལས། ཁྱེད་ཀྱི་སྤྱོད་ལམ་མཛའ་བརྩེ་སྐྱེ་འོས་ཤིང་། ཞལ་མང་ཉུང་རན་པོ་ཡོད་པའི་ཐོག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བྱང་སེམས་ཀྱིས་འགྲོ་བ་འགུགས་པའི་སྒོ་འཕར་རྒྱ་ཆེར་ཕྱེ་བས། དངོས་གནས་བྱང་ཆུབ་ལམ་གྱི་སྟོན་པ་དང་། དགོན་པའི་མིག་ལྟོས་ཡིན་སྟབས་ངེད་ཀྱིས་བསྟོད་བསྔགས་ཆེན་པོ་བྱེད་ཀྱི་ཡོད○2ཅེས་པ་ཙམ་གྱིས་ཀྱང་མཚོན་ནུས་པ་མ་ཟད། རྒྱལ་དབང་ལྔ་པ་ཆེན་མོ་གང་ཉིད་ནང་པའི་ཆོས་ཀྱི་ལྟ་གྲུབ་ལ་གདེང་ལྡན་གྱི་ངེས་ཤེས་གསལ་ཐག་ཡོད་པ་ཞིག་དང་། སྲིད་ཕྱོགས་ལ་སྒམ་ཡངས་དང་དཀྱེལ་ཆེའི་དགོངས་པ་རྒྱ་ཆེ་བ་ཞིག་ལྡན་པའང་གསལ་བོ་ཤེས་ཐུབ་བོ།།
         རྒྱལ་དབང་ལྔ་པ་ཆེན་མོས་ཕྱག་འཕྲིན་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་མན་ཇུ་རྒྱལ་བློན་གྱི་ཁྲོད་སྤེལ་ཐུབ་པ་ཡང་། ཡུན་རིང་ཞིང་རྔམ་མཐུག་པའི་ལོ་རྒྱུས་ཀྱི་འབྲེལ་བ་ལ་རག་ལས་ཡོད་དེ། དེ་ཡང་བཙན་པོ་རྒྱལ་རབས་ནས་བཟུང་སྟེ་རྒྱ་བོད་གཉིས་ཀྱི་བར་ལ་ཆོས་སྲིད་ཚོང་འབྲེལ་གྱི་འགྲོ་འོང་ཟམ་མ་ཆད་པར་གནས་ཤིང་། དུས་འགྱུར་སོགས་ཀྱིས་རྒྱལ་རབས་གསར་སྤོ་བྱས་པའི་ཚེ་ནའང་། སྔོན་ཀྱི་ཆོས་ལུགས་ཀྱི་འགྲོ་འོངས་བྱེད་པའི་སྲོལ་དེ་ནི་བོད་རྒྱ་ཕྱོགས་གཉིས་གར་མྱུར་མགྱོགས་ངང་འབྲེལ་ལམ་གཟུག་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་ཏུ་ཆགས་ཡོད་པ་བཞིན།རྒྱ ་ནག་ཏཱ་མིན་རྒྱལ་རབས་མཇུག་རྫོགས་ཏེ་མན་ཇུ་སྲིད་དབང་གསར་དུ་ཚུགས་པ་ན། བོད་དང་མན་ཇུ་སྲིད་དབང་བར་གང་མགྱོགས་ཀྱིས་འབྲེལ་འདྲིས་བྱུང་སྟེ། སྤྱི་ལོ་༡༦༤༢ལོའི་ཟླ་བ་བདུན་པར། རྒྱལ་དབང་ལྔ་པ་ཆེན་པོས་སེ་ཆེན་ཆོས་རྗེ་བཀའ་མངགས་ཀྱིས་ཧྲིན་ཅིང་དུ་བཞུགས་པའི་མན་ཇུའི་རྒྱལ་པོ་ཐོག་མ་ཁྲོན་ཏི་དང་མཇལ་ཏེ་ཕྱག་འཕྲིན་ཕུལ་ཅིང་འབྲེལ་ལམ་གསར་དུ་བཙུགས། ཁྲོན་ཏི་རྒྱལ་པོས་སླར་གོང་ས་མཆོག་ལ་བསྩལ་པའི་འཕྲིན་ལན་དུ། གོང་གི་མཛད་རྣམ་དེ་ལས། ཏཱ་ཆིང་རྒྱལ་ཁབ་ཀྱི་ཁོག་ཡངས་ཞི་དུལ་བྱམས་སྐྱོང་མཁས་མཛངས་ལྡན་པའི་གོང་མས། རྡོ་རྗེ་འཆང་ཆེན་པོ་ཏཱ་ལའི་བླ་མར་ཕུལ་བའི་ཡི་གེ། དེང་གི་དུས་འདིར་བླ་མ་གང་ཉིད་ཀྱིས་འགྲོ་བ་སྐྱོབ་རྒྱུའི་དགོངས་བཞེས་དང་བཅས་ཏེ། རྒྱལ་བསྟན་དར་སྤེལ་ཆེད་ཕྱག་བྲིས་སྐྱེལ་བར་ཕོ་ཉ་མངགས་བྱུང་བར་བདག་དགའ་སྤྲོ་ཆེན་པོ་བྱུང་། དེར་གང་ཉིད་སྐུ་གཟུགས་བདེ་པོ་དང་བཀྲ་ཤིས་བདེ་ལེགས་ཡོང་པའི་སྨོན་འདུན་ཞུ།○3ཞེས་ཁྲོན་ཏེ་རྒྱལ་པོས་རྒྱལ་དབང་ལྔ་པ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་གནང་རྒྱུའི་དགོངས་པར་ཆེད་དམིགས་ཀྱིས་གདེང་འཇོག་གནང་ཞིང་། འདིས་ནི་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་མན་ཇུའི་རྒྱལ་བློན་གྱི་ཁྲོད་རིམ་པར་ཁྱབ་བསྒྲགས་བྱེད་པར་སྒོ་གླེགས་གསར་བ་ཞིག་ཕྱེ་ཡོད་དོ།།
         གསུམ་པ། བྱེ་བྲག་རྒྱལ་དབང་ལྔ་བ་ཆེན་པའི་ཕྱག་འཕྲིན་ཏུ་ནང་བསྟན་གྱི་ལྟ་དགོངས་ཇི་ལྟར་བརྡ་སྤྲད་ཚུལ་ངེས་བཟུང་བ།
         འདིར་སྐབས་སུ་བབ་པའི་བརྗོད་གཞི་གཙོ་བོ་ནི་རྒྱལ་དབང་ལྔ་པ་ཆེན་མོས་མན་ཇུ་རྒྱལ་པོ་སྔ་ཕྱིའི་གསེར་ཡིག་པར་འཕྲིན་ལན་གནང་བ་ལས། བོད་བརྒྱུད་ནང་བསྟན་ཇི་ལྟར་མན་ཇུ་རྒྱལ་བློན་ལ་བརྡ་སྤྲད་ཚུལ་ལ་གཉིས་ཏེ། དང་པོ། ཕྱག་འཕྲིན་རབ་སྙན་རྒྱུད་མང་རགས་བཤད། གཉིས་པ། འཕྲིན་ཡིག་ལས་མངོན་པའི་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་མན་ཇུ་རྒྱལ་བློན་རྣམས་ལ་སྤེལ་བསྒྲགས་གནང་ཚུལ་ལོ།   
         དང་པོ་ནི། རྒྱལ་དབང་ལྔ་པ་ཆེན་པོས་རྒྱ་བོད་ཧོར་སོག་གི་མཆོག་དམན་བར་པ་རྣམས་ལ་འཕྲིན་ཡིག་སྙན་ངག་ཏུ་བཀོད་པ་རབ་སྙན་རྒྱུད་མང་ཞེས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༡༩༩༣ལོའི་ཟླ་༨པར་བཏོན་པའི་བསྡུས་དེབ་འདི་རུ་ཕྱག་འཕྲིན༣༠༢འདུ་ཞིང་། དེ་ལས་མན་ཇུ་རྒྱལ་པོ་དང་འབྲེལ་བ་ཡོད་པའི་ཕྱག་འཕྲིན་༣༩ཡོད་པ་ཕྱག་འཕྲིན་སྤྱིའི་བརྒྱ་ཆའི་བཅུ་གསུམ་ཙམ་ཟིན་ཡོད།།
         གཉིས་པ་ནི། རྒྱལ་དབང་ལྔ་པ་ཆེན་པོས་མན་ཇུའི་རྒྱལ་པོར་ཕུལ་བའི་ཕྱག་འཕྲིན་སོ་དགུ་ལས་བོད་བརྒྱུད་ནང་བསྟན་ཇི་ལྟར་ཕ་རོལ་པོའི་ཡིད་དུ་གོས་ཆེན་སྣུམ་ཟིན་གྱིས་ཚུལ་དུ་བློ་ལ་འཇགས་པར་བྱས་ཡོད་པ་རེད་ཅེ་ན། དེ་ཡང་འཕྲིན་ཡིག་ལ་ངེས་པར་ཚང་དགོས་པའི་གོ་རིམ་དང་།མ་ངེས་པའི་གོ་རིམ་ལས་ཕྱག་འཕྲིན་གྱི་ཟུར་ལོགས་ཀུན་ནས་མངོན་གསལ་དུ་མཐོང་བའི་ཚུལ་ལ་དྲུག་ཏེ།
         གཅིག། མན་ཇུ་རྒྱལ་བློན་རྣམས་བོད་བརྒྱུད་ནང་བསྟན་ལ་དད་མོས་ངམ་ངམ་ཤུགས་ཀྱིས་འདྲེན་པར་སྐུལ་པ། 
         ཐོག་མར་མན་ཇུ་གོང་མར་མ་ཧཱ་ཙི་ནའི་ཁམས་སུ་དབང་བསྒྱུར་མཁན་ཡིན་པ་སྔོན་ནས་བྱམས་འཇམ་དབྱངས་ཀྱི་སྤྲུལ་པར་ཁས་འཆེས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གླེང་ཚུལ་དེ་དཀྱུས་སུ་བཟུང་སྟེ། མན་ཇུའི་རྒྱལ་པོ་ནང་བའི་བསྟན་པ་དང་སྔོན་ནས་ལས་ཀྱིས་སྦྲེལ་བའི་གསུང་གིས་ཐུགས་ཡིད་སིམ་པར་བྱས་ཡོད་པ་སྟེ། དཔེར་ན། ཤུན་ཙི་རྒྱལ་པོས་རྒྱལ་དབང་མཆོག་པེ་ཅིན་དུ་གདན་ཞུས་ཀྱི་གསེར་ཡིག་པ་མངགས་པའི་ལན་དུ་ཕུལ་པའི་འཕྲིན་ལས། སྟོབས་བཅུ་མངའ་བ་ཀུན་གྱི་མཁྱེན་པའི་གཏེར།།འཇམ་མགོན་ཟུར་ཕུད་ལྔ་བ་འཛམ་གླིང་འདིར།།གྲངས་མེད་ལེགས་པར་བྱས་པའི་འཁོར་ལོ་ཡིས།།མངའ་བསྒྱུར་ས་ལ་སྤྱོད་པའི་ཚངས་པའི་དྲུང་།།○4ཞེས་པས་མཚོན་པ་དང་། དེ་མིན་ནང་བསྟན་གཞུང་ནས་ཐོན་པའི་ཚེ་དཔག་མེད་སོགས་ཡི་དམ་རིགས་ཀྱི་ལྷ་ལ་མན་ཇུའི་གོང་མར་ཚེ་ཡི་དངོས་སྒྲུབ་འབོད་པའི་ཤིས་བརྗོད་ཀྱིས་ཕྱཱ་གཡང་སྒྲོགས་ཏེ། རྒྱལ་པོའི་ཐུགས་ཀྱི་གཏིང་རིམ་ནས་སྔོན་གྱི་ལོ་རྒྱུས་ལས་བྱུང་པ་ལྟར། ནང་བསྟན་ནི་ཆབ་སྲིད་བསྐྱངས་པ་ལ་མེད་དུ་མི་རུང་པ། འབངས་མི་སེར་གྱི་ཁྲོད་དུ་ཡུན་རིང་གི་ལོ་རྒྱུས་ཀྱི་བག་ཆགས་གཏིང་ཟབ་མོ་ཡོད་པའི་གནས་ལུགས་འདི་ཐུགས་གཞིགས་གནང་འོས་པའི་གསུང་གིས་གསལ་བར་བསྒྲགས་པ་དོན་དུ་སྨིན་ཡོད་དེ། སྐབས་འདིར་ཤུན་ཙི་རྒྱལ་པོ་སྐུ་སྙུང་དྲག་པོ་ལས་ཐར་བར་བྱེད་མཁན་ཡེ་ཤུའི་ཆོས་དཔོན་ཐང་རོ་ཞེས་པ་ཕོ་བྲང་དུ་རྒྱུན་བཞུགས་ཀྱིས་རྒྱལ་བློན་གྱི་ཁྲོད་མཚན་སྙན་མཐོན་པོ་ཡོད་པ་དེས། ཤུན་ཙི་རྒྱལ་པོ་ཡེ་ཤུར་ཞུགས་པའི་ཁྲུས་ཆོག་གི་རེ་ཞུ་ཕུལ་བར་རྒྱལ་པོ་དེ་སྔ་ནས་ནང་པའི་བསྟན་པར་ཞུགས་ཚར་པས་དེ་ལྟར་དུ་གྲུབ་མེད་དོ།།
         གཉིས། རྒྱལ་དབང་མཆོག་ནས་གང་ཉིད་སངས་རྒྱས་ཤཱཀྱ་ཐུབ་པ་ལ་མོས་པ་དང་དད་ཞེན་དྲག་པོ་ཡོད་པ་དང་། དེའི་ལྟ་བར་མུ་ནས་མུ་རུ་ཐོས་བསམ་གྱི་སྤྲོ་བ་ཤུགས་ཆེན་ཡོད་པའི་བརྡ་གསལ་བར་སྦྲོན་པ།དཔེར་ན། ཤུན་ཙི་ལ་ཕུལ་བའི་ཞུ་ཡིག་ཚངས་རིགས་དགྱེས་ཞལ་འཆར་བའི་མེ་ལོང་ལས།འདི་ན་ཆོས་ནོར་འདོད་པ་ཐར་བའི་སྡེ།།གཙུག་ལག་ལུགས་བརྒྱའི་སྒོ་འཕར་རབ་ཕྱེ་ནས།།རྒྱ་ཆེན་ཕུན་ཚོགས་དཔལ་འབྱོར་མཐའ་ཀླས་པར།།སྤྱོད་པའི་སྐལ་བ་བཟང་པོར་གྱུར་སྐབས་ལགས།།○5ཞེས་པ་དང་། འདི་ན། ཤུན་ཙི་ལ་ཕུལ་བའི་ཞུ་ཡིགབསོད་ནམས་ཉི་མ་སྟོང་འབར་ལས། ཟས་གཙང་སྲས་ཀྱི་རྗེས་ཞུགས་པའི།།གནས་ལྔར་མོས་བློ་འཛིན་པའི་སྙོམས་ལས་པ།།སྡོམ་བརྩོན་ཀློག་པ་མཁན་ཡང་རྒྱལ་བའི་བསྟན།།ཐོས་བསམ་སྒོམ་པས་འཛིན་པའི་འདུན་མར་མཆིས།།○6ཞེས་པ་ལྟ་བུ་ཕྱག་འཕྲིན་རེ་རེ་ཕུལ་ཏེ་གང་ཉིད་ཀྱི་གནས་ཚུལ་གསུངས་པའི་ཚེ་ན།ཁོང་གི་མི་ཚེའི་ལྟ་བ་གང་ལ་བཟུང་ཡོད་པ་དང་། དེར་ཐོས་བསམ་གྱི་འདུན་པ་དྲག་པོ་ཡོད་པ་མངོན་སུམ་གསལ་བོར་གསུངས་ཤིང་། དེ་ནི་གང་ཟག་སུ་ཞིག་རང་དང་གྲོགས་པོ་སྒྲིགས་འདུན་ཡོད་ཚེ། ཁོ་བོའི་དགའ་ཁ་དང་མོས་པ་འཁྱེར་ཕྱོགས་དེ་ག་རང་ཡིན་ཞེས་གསལ་བར་སྒྲོགས་པ་དང་མཚུངས་པར། མན་ཇུ་རྒྱལ་པོ་རང་ཉིད་ཀྱང་སྟོན་པ་ཤཱཀྱ་ཐུབ་པ་དང་སྟོན་པའི་ལྟ་གྲུབ་ལ་མོས་བརྩོན་དེ་ལྟར་གནང་ན་ལེགས་ཚུལ་སོགས་རྒྱུ་མཚན་དང་བཅས་ཏེ་གསལ་བར་གསུངས། རྒྱལ་དབང་མཆོག་གིས་ཕྱག་འཕྲིན་ལས་གང་ཉིད་འདི་ལྟར་ནང་བསྟན་ལ་མོས་པ་དང་དད་ཞེན་ཡོད་པའི་ཚུལ་གསལ་བར་བསྒྲགས་ཤིང་། པེ་ཅིན་ནས་ཤུན་ཙི་དང་གདན་འཛོམས་པའི་ཚེ་རྒྱལ་པོ་སྐུ་དངོས་ལ་དབང་དང་རྗེས་གནང་དབུལ་བའི་སྐོར་མི་འདུག་མོད། རྒྱལ་པོའི་བློན་ཆེན་ཁག་ཅིག་ལ་སྐྱབས་སེམས།ལྟུང་བཤགས་སོགས་ཀྱི་ལུང་གནང་བ་དང་། ཐུགས་རྗེ་ཆེན་པོའི་རྗེས་གནང་།བླ་མའི་རྣལ་འབྱོར་དང་གདུགས་དཀར་སོགས་ཀྱི་དབང་གནང་བའི་ཆོ་གས་རྒྱལ་པོ་དང་འབྲེལ་ཡོད་བློན་ཆེན་ཀུན་ལ་བག་ཆགས་ཐེབས་པར་གོར་མ་ཆགགང་ཞེ་ན། ཆིན་ཕོ་བྲང་གི་བོད་བརྒྱུད་ནང་བསྟན་གྱི་བཟོ་བོའི་སྡེ་ཁག་དང་བཟོ་བོ་ལས། མན་ཇུའི་གཞུང་རང་པེ་ཅིན་དུ་གནས་མ་སྤོ་བའི་སྔོན་ལ། ཁོང་རྣམ་པ་ཚོས་ཡིག་ཐོག་ནས་བོད་ཀྱི་མཁན་པོ་བླ་མ་དང་འབྲེལ་བ་གནང་ཙམ་ཡིན་ཞིང་། པེ་ཅིན་དུ་གནས་སྤོས་རྗེས་ཕོ་བྲང་རྙིང་མའི་མེ་ཏོག་དཔལ་གྱི་ལྡིང་ཁང་དང་། དག་དབུས་ཁང་བཟང་སོགས་སུ་སྔོན་གྱི་ཏའོ་ལུགས་ཀྱི་ལྷའི་སྐུ་བརྙན་དག་ཕྱིར་དབོར་འདོན་གྱིས་བོད་བརྒྱུད་ནང་བསྟན་གྱི་སྟོན་པའི་སྐུ་བརྙན་གཞི་ནས་བཞུགས་སུ་གསོལ།○7ཞེས་བོད་བརྒྱུད་ནང་བསྟན་འདི་མན་ཇུའི་རྒྱལ་བློན་གྱི་ཁྲོད་དུ་རིམ་པར་ཤུགས་ཆེར་དར་པའི་མཚན་རྟགས་མངོན་འདུག་གོ།
          གསུམ། རྒྱལ་དབང་མཆོག་ནས་གང་ཉིད་ཡིད་ཆེས་ཀྱི་གདེང་ཐོབ་པའི་བོད་བརྒྱུད་ནང་བསྟན་འདི་ཀུན་ལ་འཆད་སྤེལ་གྱི་འདུན་པ་འགོག་ཏུ་མེད་པ་ཡོད་པ་མངོན་གསལ་དུ་བསྒྲགས་པ། དཔེར་ན། ཤུན་ཙི་ལ་ཕུལ་བའི་ཞུ་ཡིག་རྫོགས་ལྡན་པད་དཀར་བཞད་པའི་འཛུམ་མདངས་ལས།  ཆོས་སྲིད་གཉིས་ལྡན་གངས་ཅན་དབུས་འགྱུར་འདིར།།བདེ་བར་འཚོ་བའི་སྡོམ་བརྩོན་ཀུ་སཱ་ལི།།ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི།།བསྟན་པ་ཕྱོགས་བརྒྱར་སྤེལ་བའི་འདུན་པར་མཆིས།།○8ཞེས་པ་དང་།ཁང་ཤིས་རྒྱལ་པོར་ཕུལ་བའི་ཞུ་ཡིག་སྲིད་གསུམ་རྣམ་པར་གནོན་པའི་གད་རྒྱངས་ལས། གཏིང་ཟབ་མ་རྒན་འཁོར་མཚོར་བདེ་སྐྱིད་ཆུ།།ཆད་མེད་འབབ་བྱེད་ལྷག་བསམ་ཁ་བའི་གོས།།མི་འབྲལ་རྟག་གྱོན་གངྒཱའི་ཡབ་གཅིག་ང་།།རྒྱལ་བསྟན་འདེགས་པའི་དཔུང་བ་རྩེ་མོར་བསྙེགས།།○9ལྟ་བུ། ཕ་རོལ་པོའི་ཡིད་དུ་ནང་བའི་བསྟན་པའི་ལམ་ནས་སེམས་ཅན་གྱི་དོན་འཁུར་དུ་བསྣམས་པའི་དམ་བཅའ་དྲག་པོའི་གོ་བགོས་ཡོད་པར། ཕྱག་འཕྲིན་ཕུལ་ཡུལ་མན་ཇུའི་རྒྱལ་པོའི་ཡིད་ལ་འབངས་ཀྱི་དོན་སྒྲུབས་པར་ནང་བསྟན་ལ་རྒྱབ་སྐྱོར་དང་ཐུགས་མཉམ་བཞེས་རྒྱུ་དེ། ཆོས་སྲིད་གཅིག་གྲོགས་གཅིག་ཏུ་འགྲོ་དགོས་པའི་བརྡ་གསལ་བར་བསྟན་པ་ལྟ་བུས་མཚོན་ལ། དེ་བཞིན་དུ་རྒྱལ་དབང་མཆོག་གིས་ནང་བསྟན་ཁྱབ་སྤེལ་གྱི་དགོངས་གཞི་མངོན་པར་བསྒྲགས་པ་འདི་དག་རྡོ་ཐོག་ལ་ཆུ་བྱོ་བའི་ཚུལ་དུ་མ་སོང་བར། སྐབས་འདིར་མན་ཇུའི་ཕོ་བྲང་གི་རྒྱལ་བློན་མང་པོའི་བློ་ཡང་བོད་བརྒྱུད་ནང་བསྟན་གྱི་མཚར་སྣང་གིས་ཀུན་ནས་དྲངས་ཏེ། ཆིན་ཕོ་བྲང་གི་བོད་བརྒྱུད་ནང་བསྟན་གྱི་བཟོ་བོའི་སྡེ་ཁག་དང་བཟོ་བོ་ལས།  ཁང་ཤིས་རྒྱལ་པོའི་ལོ་ངོ་སོ་དྲུག་སྟེ། སྤྱི་ལོ་༡༦༩༧ལོ་ནས་འགོ་ཚུགས་ཏེ་ཕོ་བྲང་རྙིང་མའི་དག་དབུས་ཁང་བཟང་དུ་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་པ་དང་། སེར་མོ་བ་སྒྲིག་འཛུགས་ཀྱིས་འདོན་པ་གསུངས་པའི་ཆོ་གའི་དབུ་ཚུགས་ཤིང་། ཛ་སག་ཏཱ་བླ་མ་ཆེད་མངགས་ཀྱིས་སེར་མོ་བར་བཀོད་འདོམས་དང་། ཕོ་བྲང་ནང་སྲིད་གཞུང་ནས་དཔོན་གཉེར་གཉིས་དང་། པེ་ཅིན་དུ་རྒྱུན་བཞུགས་གནང་བའི་ཆ་ཧར་བླ་མ་སྐུ་བརྙན་བཞེངས་པའི་དོ་དམ་པར་བསྐོས○10ཞེས་བོད་བརྒྱུད་ནང་བསྟན་གྱི་མཆོད་གནས་གཙང་ཁང་ཐོག་མར་རྒྱལ་པོའི་ཕོ་བྲང་དུ་རྐང་ཚུགས་ཏེ་གཞི་ཆགས་ཤིང་། དེ་བཞིན་དུ་ཆོས་ལུགས་ཆོ་གའི་མཛད་སྒོ་སྤེལ་པ་དང་སྐུ་རྟེན་བཞེངས་བསྐྲུན་སོགས་ཀྱང་འགོ་ཚུགས་པ་མཚོན་ནོ།།
         བཞི། ཕ་རོལ་པོས་ཆོས་ལ་ངེས་ཤེས་ཐོབ་རྗེས་དེར་མུ་མཐུད་འགྲུས་པར་བྱེད་པར་བསྐུལ་བ།
         མན་ཇུ་གོང་མས་བོད་བརྒྱུད་ནང་བསྟན་ལ་ཡིད་ཆེས་པ་ཤེས་ནས་མུ་མཐུད་དུ་དེར་འགྲུས་པར་སྐུལ་བ་སྟེ། དཔེར་ན། ཤུན་ཙི་ལ་ཕུལ་བའི་ཞུ་ཡིགབསོད་ནམས་ཉི་མ་སྟོང་འབར་ལས།  སྣ་མང་ཐེག་པའི་རིན་ཆེན་ཐེམ་སྐས་ལས། །འགྲོ་རྣམས་སྐུ་གསུམ་ཁང་པར་འཁྲིད་བྱེད་པ།།རྒྱལ་ཀུན་ངོ་བོ་རྗེ་བཙུན་ཙོང་ཁ་པའི།།བསྟན་ལ་སྔོན་བཞིན་དད་དད་རིང་མོར་མཛོད།།○11ཅེས་པ་ལྟ་བུས་ཤུན་ཙི་རྒྱལ་པོས་བོད་བརྒྱུད་ནང་བསྟན་ལ་དད་མོས་གནང་གིན་ཡོད་པ་དང་། ལྷག་པར་དུ་དགེ་ལྡན་པའི་ལྟ་གྲུབ་གཙིགས་སུ་བཟུང་ཡོད་པར་ལུང་བརྒྱ་ཕྲག་དྲངས་པ་ལས་ཀྱང་ལྷག་པའི་དཔང་རྟགས་གྲུང་པོའི་དགེ་མཚན་ཐོན་ཡོད་པ་དང་། དེ་མིན། ཆིན་ཕོ་བྲང་གི་བོད་བརྒྱུད་ནང་བསྟན་གྱི་བཟོ་བོའི་སྡེ་ཁག་དང་བཟོ་བོ་ལས། ཤིན་ཙི་རྒྱལ་པོས་ཐོག་མར་རྒྱ་ཡུལ་དུ་དར་བའི་ནང་ཆོས་ལ་དད་མོས་བྱེད་སྒང་ཡིན་པས་བོད་བརྒྱུད་ནང་བསྟན་གྱི་སེར་མོ་བ་ཕོ་བྲང་རྙིང་མའི་དག་དབུས་ཁང་བཟང་དུ་ཕེབས་ཏེ་ཆོས་ཀྱི་ཆོ་ག་གནང་ཆོག་པ་མེད།○12པར་བསྙད་ནའང་། རྒྱལ་དབང་མཆོག་གི་གསུང་འདི་ལས་རྒྱལ་པོས་རིམ་པར་དགེ་ལྡན་བསྟན་པའི་ལུགས་ལ་དད་མོས་བྱེད་ཀྱིན་ཡོད་པ་རིགས་པས་གྲུབ་བོ།།
          ལྔ། རང་གི་གནས་ཚུལ་གསུངས་པའི་ཞར་དུ་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་ཟས་སྦྱིན་པའི་ཞོར་ལ་གསེར་ཤོར་བ་ལྟར་ངོ་སྤྲད་ཡོད་དེ། དཔེར་ན། ཤུན་ཙི་ལ་ཕུལ་བའི་ཞུ་ཡིག་གནམ་བསྐོས་རིན་ཅེན་ཅོད་པཎ་ལས།འདི་ན་ཆེན་པོའི་ལུང་འཛིན་ཀློག་པ་མཁན།།འགྲོ་ལ་རྗེས་བརྩེའི་རབ་དཀར་ལྷག་བསམ་དང་།།ཆོས་ཀུན་དབུ་མར་རྟོགས་པ་ཟུང་འཇུག་པའི།།སྣང་ཚུལ་འདིས་འཚོ་དལ་བ་དོན་ལྡན་ཙམ།།○13ཞེས་རྒྱ་གར་དཔལ་ན་ལེནྡྲའི་གཙོས་པའི་ཡུལ་ནས་དར་བའི་ཆོས་ཀྱི་སྙིང་པོ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་དབུ་མའི་ལམ་འདི་བོད་བརྒྱུད་ནང་བསྟན་གྱི་ལྟ་བའི་རྩེ་མོ་དང་། དེ་ནི་ཐར་བ་ཐོབ་བྱེད་ཀྱི་ཐབས་ཉག་གཅིག་ཏུ་སེམས་ན། རྒྱལ་པོ་ཁྱེད་རང་ནས་ཀྱང་དེ་བཞིན་མཛོད་ཅེས་བསྒྲགས་ཡོད་ལ། རྒྱལ་དབང་མཆོག་ནས་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་འཕྲིན་ཡིག་ཏུ་གསུངས་པ་ཁོ་ན་ཙམ་མ་ཡིན་པར།རྒྱལ་པོ་དང་དངོས་སུ་ཞལ་འཛོམས་པའི་ཚེ་ཡང་། དགོངས་པའི་སྙིང་པོ་དེ་གསལ་བར་གསུངས་ཡོད་པར་ངེས་ཏེ། འཇའ་ས་ལས་ཀྱང་།  གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཀྱི་ཆོས་སྲིད་མཛད་རྣམ་ལས། ངེད་ཀྱི་གོ་བ་ལྟར་ན་ཀུན་ལ་ཕན་ཐོགས་ཡོང་ཐབས་བྱེད་རྒྱུ་དང་། རང་ལ་ཕན་ཐོགས་ཡོང་ཐབས་བྱེད་རྒྱུའི་དམིགས་ཡུལ་མ་འདྲ་བ་ཡོད་ལ། སྲིད་པ་འཁོར་བ་དང་། ཞི་བ་འཇིག་རྟེན་ལས་འདས་པའི་ཆོས་ལུགས་གཏོད་པའི་འགྲོ་ལམ་ཡང་མི་འདྲ་བ་ཡོད། འོན་ཀྱང་སེམས་དང་བ་དང་གཤིས་ལུགས་མཐིལ་མཐོང་བྱེད་རྒྱུ་དང་། འཇིག་རྟེན་བདེ་འགོད་དང་། དམངས་བློ་གསལ་འབྱེད་བྱེད་རྒྱུའི་ཐད་ནས་བཤད་ན་ཐ་མི་དད་པ་ཞིག་རེད།○14ཅེས་པའི་གསུངས་ཚུལ་ལ་དཔགས་ན།ཤུན་ཙི་རྒྱལ་པོར་ནང་བསྟན་གྱི་གནད་ལ་དཔྱོད་པའི་བློ་གྲོས་ཆུ་ཁར་གཡེང་བའི་སོག་མ་ཙམ་མ་ཡིན་པར་རྡོ་རུས་ཐུག་པའི་གོ་བ་ལོན་ཡོད་པའི་ཚུལ་མངོན་པས།རྒྱལ་དབང་མཆོག་ནས་ལྟ་བའི་སྙིང་པོ་རྒྱལ་པོ་ཁོ་རང་ལ་སྟོན་རྒྱུ་དུས་སུ་བབས་ཡོད་པར་དགོངས་ལ།གཞན་ཞིག་ནི་ཁང་ཤིས་རྒྱལ་པོས་ཧལ་ཧ་རྗེ་བཙུན་དམ་པ་དང་།དགེ་སློང་བསོད་བསྟན་གཉིས་པེ་ཅིན་ཙན་དན་ཇོ་བོ་དགོན་དུ་གདན་འཛོམས་ཀྱི་བཀའ་བབས་ཏེ།མཚན་ཉིད་པའི་རྩོད་པ་རྩོད་ལུགས་དང་།ཕྱོགས་གཉིས་གའི་ཁས་ལེན་འཛིན་སྟངས་སོགས་ལ་ཞིབ་ཏུ་ཉམས་ཞིབ་གནང་བ་ལས།མན་ཇུའི་མཐོ་རིམ་མི་སྣ་དག་གི་ནང་ཆོས་ཀྱི་དད་པ་དེ་ཡང་དང་བའི་དད་པ་ཁོ་ན་ཙམ་དུ་མ་སོང་བར་ཡིད་ཆེས་ཀྱི་དད་པའི་སྟེགས་བུར་སླེབས་ཡོད་པ་མཚོན་ནོ།།
         དྲུག། ནང་བ་སངས་རྒྱས་ཀྱི་བསྟན་པ་འདི་ཡུལ་ཁམས་བདེ་བའི་གནད་དུ་བཟུང་སྟེ་རྒྱལ་བའི་བསྟན་པ་ལ་ཕྱག་རྗེས་འཇོག་དགོས་པར་སྐུལ་བ་སྟེ།
          དཔེར་ན། ཁང་ཤིས་རྒྱལ་པོ་ལ་ཕུལ་བའི་ཞུ་ཡིག་ཁམས་གསུམ་ཟིལ་གྱིས་གནོན་པའི་བདེན་གཏམ་ལས། ཕྱི་ནང་རིག་པ་སྨྲ་བ་གྲུབ་པའི་མཐའ།།འཛིན་པའི་སློབ་དཔོན་མང་ཡང་ལུས་ཅན་རྣམས།།མངོན་པར་མཐོ་དང་ངེས་པའི་ལམ་ཡངས་པོར།།སྦྱོར་བའི་བསླུ་མེད་འདྲེན་པ་ཟས་གཙང་སྲས།།མགོན་དེའི་ལུགས་འཛིན་ཤིང་རྟ་ཆེ་གཉིས་ལས།།ལེགས་འོངས་ཟབ་རྒྱས་ཆོས་ཀྱི་གངྒའི་རྒྱུན།  །ཅིག་ཅར་འཐུང་བའི་དྲང་སྲོང་ཛ་ཧྣུ།།ཀུན་མཁྱེན་ཙོང་ཁ་པ་ལས་གཞན་སུ་ཞིག།དེ་བསྟན་ལུང་རྟོགས་ཆོས་དང་འཛིན་པའི་སྡེ།།མཆོག་གསུམ་ཉེར་བཀུར་གཟུགས་ཅན་སྙིང་པོ་དང་།།མེས་དབོན་རྣམ་གསུམ་ཐང་སོགས་སྔོན་བྱོན་གྱི།།རྣམ་ཐར་འཛིན་འོས་ཁྱོད་མིན་གཞན་ན་ཅི།།○15 ཞེས་བསྟོད་བསྔགས་དང་སྐུལ་མ་ཟུང་འབྲེལ་གྱིས་ནང་བསྟན་དར་རྒྱས་ཁྱབ་སྤེལ་གྱི་ལས་ལ་མངོན་སུམ་གྱིས་བསྐུལ་བ་ལ། དེ་ལས་འོངས་པའི་འབྲས་བུ་ཡང་མངོན་གསལ་དུ་ཐོན་ཡོད་དེ། རྒྱལ་པོ་ཁང་ཤིས་ནས་བཟུང་སྟེ་ཕོ་བྲང་རྙིང་མའི་ནང་གི་དག་དབུས་ཁང་བཟང་རྒྱལ་པོ་སྐུ་སྒེར་གྱི་བོད་བརྒྱུད་ནང་བསྟན་གྱི་མཆོད་ཁང་དུ་གྱུར་ཞིང་། རྒྱལ་པོ་རང་ཉིད་ནས་བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་པ་ཡང་མངོན་གསལ་ཅན་དུ་གྱུར་འདུག་ལ། མ་ཟད་ཁང་ཤིས་རྒྱལ་པོ་སྐུ་དངོས་ཀྱིས་དག་དབུས་ཁང་བཟང་དུ་ལྷ་སྐུའི་བཞེངས་སྐྲུན་དང་། སྐུ་བརྙན་གྱི་བྱོན་གཙང་ལེགས་ཡོང་པར་དགོངས་པ་ནན་མོ་བཞེས་ཤིང་། རྒྱལ་པོ་རང་ཉིད་ཀྱང་སྐུ་བརྙན་གྱི་མཛེས་དཔྱོད་དང་སྐུ་བརྙན་བྱོན་གཙང་མིན་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་མངའ་ཡོད་དེ།དེབ་ཐེར་ཕྱོགས་བསྒྲིགས་ལས།ཁང་ཤིས་རྒྱལ་པོས་བོད་ལུགས་ཀྱི་སྐུ་བརྙན་བཟོ་རྩལ་དེ་མིང་རྒྱལ་རབས་ཀྱི་ཕོ་བྲང་བཟོ་ལུགས་དེ་ཡག་ཤོས་ཡིན་ཞིང་། བོད་ཀྱི་བཟོ་བོས་མིང་ལུགས་ལ་ཟློས་པ་དེ་འབྲིང་ཙམ་དང་། ད་ཆའི་ཕོ་བྲང་གི་བཟོ་རྩལ་དེ་གའི་བཅུ་ཆའི་གཅིག་ཙམ་ཡང་ཟིན་ཐུབ་ཀྱི་མེད་ཅེས་གསུངས།○16པར་དཔགས་ན་ཁང་ཤིས་རྒྱལ་པོས་བོད་བརྒྱུད་ནང་བསྟན་ལ་འདྲིས་ཆེ་ཞིང་ངེས་ཤེས་ཐོབ་པའི་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་རྟོགས་ཐུབ་བོ།།
    ཇི་སྐད་དུ། རྒྱལ་དབང་ལྔ་པ་ཆེན་པོས། དབྱར་གྱི་སྲིན་བུའི་གྲངས་ལ་ཅོ་འདྲི་བའི།།སྐད་དང་ལུགས་སྲོལ་མི་གཅིག་སྐྱེ་རྒུ་རྣམས།།སྡིག་སྤོང་དགེ་བ་སྒྲུབ་པ་རྫོགས་ལྡན་གྱི།།སྔོན་མེད་དགའ་སྟོན་མཆོག་ལ་ཅི་ཡང་སྦྱར།།○17ཞེས་གསུངས་པ་ལྟར། ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་རིང་དུ་བོད་བརྒྱུད་ནང་བསྟན་འདི་མན་ཇུ་རྒྱལ་བློན་གྱི་ཁྲོད་དུ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས་སུ་སོང་སྟེ་མན་ཇུ་སྲིད་གཞུང་གི་སྲིད་འཛིན་གྱི་ལྟེ་བ་པེ་ཅིན་དུ། བོད་བརྒྱུད་ནང་བསྟན་གྱི་གཙུག་ལག་ཁང་དང་། མཆོད་རྟེན་སོགས་ག་སར་ཁྱབ་པ་དང་། དེ་མིན་མ་ལག་ཚང་བའི་གྲྭ་སའི་སློབ་གཉེར་གནང་སྟངས་སོགས་དར་རྒྱས་སུ་ཕྱིན་ཏེ་སྐྱང་སྐྱ་རོལ་པའོ་རྡོ་རྗེ་དང་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་སོགས་པེ་ཅིན་རང་ནས་གསོ་སྐྱོང་གནང་བའི་ནང་བསྟན་གྱི་མཁས་དབང་མང་པོ་བསྟན་འགྲོའི་རྒྱན་དུ་བྱོན་པ་བཅས། མདོར་ན་བོད་བརྒྱུད་ནང་བསྟན་རྒྱལ་བློན་གྱི་ཁྲོད་དུ་ཁྱབ་གདལ་བྱུང་ཡོད་པ་ཡིག་ཐོག་གི་ལོ་རྒྱུས་ཙམ་མ་ཡིན་པར་མངོན་སུམ་མིག་གིས་གསལ་བར་མཐོང་ཐུབ་བོ།། 
          བཞི་བ། མཇུག་བསྡུ་དང་བཅས་གྲུབ་དོན་འཇོག་པ། 
          དེ་ཡང་མདོར་བསྡུས་ན། བོད་བརྒྱུད་ནང་བསྟན་འདི་དེ་ལྟར་ཤུགས་ཆེར་དར་ཐུབ་པར་སྔོན་གྱི་བཙན་པོའི་དུས་སྐབས་ནས་བཟུང་སྟེ། བོད་རྒྱ་གཉིས་ཀྱི་བར་ཆོས་སྲིད་ཚོང་འབྲེལ་གྱི་འགྲོ་འོངས་མ་ཆད་པའི་ལོ་རྒྱུས་འཕེལ་རིམ་དེས་རྨང་གཞི་སྲ་བརྟན་ཞིག་བཞག་ལ། དེ་ལས་ཀྱང་ལོ་ངོ་སུམ་བརྒྱ་དང་ཕྱེད་སྔོན་གྱི་མན་ཇུ་རྒྱལ་རབས་ཀྱི་རྒྱལ་བློན་ཁྲོད་དུ་བོད་བརྒྱུད་ནང་བསྟན་འདི་དར་རྐྱེན་གཙོ་བོ་ལས་ཀྱང་གཙོ་བོ་ནི། རྒྱལ་དབང་ལྔ་པ་ཆེན་པོའི་ཆོས་ལ་ཐོས་པ་ཡངས་ཤིང་། སྲིད་ལ་སྒམ་ཡངས་དཀྱེལ་ཆེའི་ཐུན་མིན་གྱི་ཡོན་ཏན་དེས་ནུས་པ་གལ་ཆེ་བ་ཐོན་ཞིང་། གཞན་ཡང་རྒྱལ་དབང་ལྔ་པ་ཆེན་པོ་ནས་བཟུང་སྟེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་། རྟ་ཚག་སྐུ་ཕྲེང་རིམ་བྱོན། ལྕང་སྐྱ་སྐུ་ཕྲེང་སྔ་ཕྱི། དེ་མོ་སྤྲུལ་སྐུ། ཐུའུ་བཀྭན་སྐུ་ཕྲེང་སྔ་ཕྱི་དང་སུམ་པ་མཁན་པོ་སོགས་བླ་མ་དང་མཁན་པོ་མང་པོས་རང་རང་གི་དཀྱེལ་ཆེའི་མཛད་པ་ལ་བརྟེན་ནས། བོད་བརྒྱུད་ནང་བསྟན་འདི་མན་ཇུ་རྒྱལ་བློན་གྱི་ཁྲོད་དུ་དར་རྒྱས་ཤུགས་དྲག་ཏུ་འགྲོ་བར་ཆར་བ་ཆུ་གྲོགས་ཀྱི་ནུས་པ་ཐོན་ཡོད་པར། འདིར་འབྲས་བུ་ལ་དམིགས་ཏེ་རྒྱུ་ངོས་བཟུང་པའི་ཚུལ་གྱིས་རྒྱལ་དབང་ལྔ་པ་ཆེན་པོས་མན་ཇུ་རྒྱལ་པོ་ཤུན་ཙི་དང་ཁང་ཤིས་གཉིས་ལ་སྔ་ཕྱི་རིམ་པར་ཕུལ་བའི་ཕྱག་འཕྲིན་དཀྱུས་སུ་བཟུང་སྟེ། བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་བརྒྱུད་བསྒྲགས་ལ་དམིགས་གསལ་གྱི་ནུས་པ་ཐོན་ཚུལ་བརྗོད་ཡོད། རྒྱལ་དབང་མཆོག་གི་ཕྱག་འཕྲིན་ལ་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་བརྒྱུད་བསྒྲགས་བྱེད་པར་དགེ་མཚན་ཐུན་མོང་མིན་པ་ཇི་ལྟར་ཐོན་ཡོད་པ་རེད་ཅེ་ན། གཅིག་ནས་རྒྱལ་དབང་མཆོག་གི་ཐུན་མིན་གྱི་མཁྱེན་བརྩེ་ནུས་པའི་ཁྱད་ཆོས་ཡོན་ཏན་འདིས་མན་ཇུ་རྒྱལ་པོ་ཤུན་ཙི་དང་ཐོག་མའི་མཇལ་འཛོམས་ཀྱི་ཚེ་མན་ཇུ་རྒྱལ་པོར་བག་ཆགས་བཟང་པོ་ཐེབས་པས། རྒྱལ་དབང་མཆོག་གི་གསུང་ཕྲ་མོ་ཙམ་ལ་ཡང་དོ་སྣང་བྱེད་པ་འདི་བོད་བརྒྱུད་ནང་བསྟན་བརྒྱུད་བསྒྲགས་ཀྱི་ཐོག་མའི་མཐུན་རྐྱེན་བཟང་པོར་གྱུར། གཉིས་ནས་བོད་རྒྱ་གཉིས་ཀྱི་བར་ཡུལ་གྱིས་བསྐལ་པས་འགྲོ་འོང་སྟབས་མི་བདེ། ཕྱག་འཕྲིན་འདིར་ཡུལ་དུས་ཐོད་བརྒལ་གྱིས་དགོངས་པ་བརྗེ་རེས་ཐུབ་པའི་དགེ་མཚན་ལྡན་པས།ཕྱག་འཕྲིན་རེ་རེའི་ཁྲོད་དུ་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་ཡོད་པའི་སྐོར་ཤིན་ཏུ་ནས་ཉུང་མོད། དེ་ལ་འོད་ཕྲན་བུས་མུན་པ་མཐུག་པོ་སེལ་ཐུབ་པ་ལྟ་བུའི་བྱེད་ནུས་ཆེན་པོ་ཐོན་པ་རེད། གསུམ་ནས་མན་ཇུ་གོང་མས་བོད་ལ་བཏང་པའི་གསེར་ཡིག་པ་ཡང་ཤེས་རབ་བླ་མ། གཙང་པ་དཀའ་བཅུ། ང་ལས་ཆོས་རྗེ། ནོམ་ཕྱི་བླ་མ། མཆོད་རྟེན་རབ་འབྱམས་པ། བསམ་བློ་མི་རྒན་ཆོས་རྗེ་སོགས་ཆོས་ཕྱོགས་ནས་ཐོས་རྒྱ་ཡངས་པ་ཤ་སྟག་དང་། རྒྱལ་དབང་མཆོག་གིས་བོད་ནས་རིམ་པར་བཏང་བའི་འཕྲིན་སྐྱེལ་ཕོ་ཉ་ཡང་དཀའ་བཅུ་བློ་བཟང་བཀྲ་ཤིས། སྟར་སྡོང་དཀའ་བཅུ་བློ་བཟང་རབ་བརྟན། མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ། འབྲས་སྤུངས་འདུལ་བ་སློབ་དཔོན་བློ་བཟང་བསྟན་འཛིན་སོགས་ནང་པའི་ཆོས་ལ་མཁས་པའི་རབ་འབྱམས་པ་དང་། དགོན་པའི་བླ་སྤྲུལ་མཁན་པོ་སོགས་མི་གཅིག་ཏུ་མ་སོང་བར། རྒྱལ་པོའི་དགོངས་གཞི་དང་རྒྱལ་དབང་མཆོག་གི་དགོངས་པ་ཇི་ལྟ་བ་བཞིན་བརྒྱུད་སྤྲོད་ཐུབ་པ་མ་ཟད། མན་ཇུ་རྒྱལ་བློན་ཀུན་འདོད་བློ་ཁེངས་པའི་ཆོས་ཕྱོགས་ཀྱི་ཕྱག་ལས་ཐེག་ཐུབ་པ་སོགས། མདོར་ན་ཕན་ཚུན་ཆོས་ཀྱི་འགྲོ་འོངས་ལ་དོན་སྒོ་འཁྱོངས་པའི་འབྲས་བུ་ཐོབ་པར་མཐུན་རྐྱེན་ཕུན་སུམ་ཚོགས་པ་འཛོམས་པས།རྒྱལ་དབང་མཆོག་གི་འཕྲིན་ཡིག་ལ་ནང་བསྟན་བརྒྱུད་བསྒྲགས་བྱེད་པར་ཐུན་མིན་གྱི་དགེ་མཚན་ཐོན་ཐུབ་ཡོད་པ་རེད། དེར་བརྟེན་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་ལ་དད་མོས་བྱེད་པའི་སྲོལ་འདི། མན་ཇུ་གོང་མའི་རྒྱལ་རབས་རིམ་བྱུང་གི་རྒྱལ་བློན་ཁྲོད་དུ་དར་ཁྱབ་བྱུང་བའི་དབུ་ཡོངས་སུ་ཚུགས་པ་དང་། དོར་ཞི་གདོང་དྲུག་སྙེམས་བློས། མན་ཇུ་རྒྱལ་རབས་ཀྱི་རྒྱལ་པོ་བཅུ་བོ་ཐམས་ཅད་གྱིས་བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་ལ། བོད་བརྒྱུད་ནང་བསྟན་དེ་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གཏན་འཁེལ་ཞིང་། ཆན་ལུང་རྒྱལ་པོས་དགེ་སློང་རྡོ་རྗེ་འཛིན་པའི་ཆས་སྤྲས་པའི་ཐང་གའི་རི་མོ་ཡང་ཕོ་བྲང་པོ་ཏ་ལའི་ས་གསུམ་རྣམ་རྒྱལ་དུ་བཞུགས་སུ་གསོལ་ཡོད་ལ། ཁོང་གིས་གཞན་དྲིང་མི་འཇོག་པར་ནང་བསྟན་གྱི་རིག་གཞུང་སློབ་གཉེར་གནང་བདེ་བ་ཡོང་ཆེད། སྐྱང་སྐྱ་སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེ་བསྟེན་ཏེ་བོད་སྐད་བོད་ཡིག་ལ་སློབ་གཉེར་གནང་བ་དང་རྒྱལ་མོ་ཚེ་ཤིས་ལ་ཀུན་གྱིས་སངས་རྒྱས་རྒན་པ་ཞེས་པའི་མཚན་གྱིས་གསོལ་བ○18ཞེས་དང་། མན་ཇུ་རྒྱལ་པོ་ཀུན་གྱིས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་པའི་ཚུལ་མན་ཇུའི་དོན་དངོས་ཟིན་ཐོ་སོགས་སུ་ཞིབ་གསལ་བྲིས་པ་དྲངས་པས་མི་ལངས་པས།བོད་བརྒྱུད་ནང་བསྟན་མན་ཇུ་རྒྱལ་བློན་གྱི་ཁྲོད་དུ་ཤུགས་ཆེར་དར་བའི་ཚུལ་མངོན་པ་སོགས། ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་དེ་དར་ཁྱབ་ཆེན་པོ་བྱུང་ཞིང་། གནམ་འོག་གི་སྐྱེ་རྒུ་མཐའ་དག་བསྟན་པ་གཅིག་ཏུ་གྱུར་པ་ལྟ་བུའི་བསྐལ་བཟང་མངོན་པར་ཤར་བ་རེད།འདིར་རྒྱལ་དབང་ལྔ་བའི་འཕྲིན་ཡིག་ཕྱོགས་བསྡུས་ལ་ཐ་ཐོར་དུ་མངོན་པའི་བོད་བརྒྱུད་ནང་བསྟན་བརྒྱུད་བསྒྲགས་སྐོར་གྱི་གསུང་རིས་དེ་ཙམ་གྱིས། མན་ཇུ་རྒྱལ་བློན་གྱི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ཡོངས་ཁྱབ་དུ་སྤེལ་ཐུབ་པ་རེད་ཅེས་བརྗོད་ན་མི་འཚམས་མོད། འདི་ཡང་བོད་བརྒྱུད་ནང་བསྟན་དེ་ལྟར་ཡོངས་ཁྱབ་ཏུ་སྤེལ་ཐུབ་པར་ནུས་པ་གལ་ཆེ་ཐོན་པའི་རྒྱུ་ལས་མི་འདའ་བས་ན། སོ་ཕག་གཡུགས་ཏེ་གཡང་ཊི་ལེན་པའི་དཔེ་ལྟར་རྒྱལ་དབང་ལྔ་པ་ཆེན་མོའི་ཐུན་མིན་གྱི་ལོ་རྒྱུས་རྣམ་ཐར་དག་ལ་ཞིབ་གསལ་གནད་དུ་ཐིངས་པའི་ཞིབ་འཇུག་མཐིལ་ཕྱིན་པ་གནང་པའི་སྔོན་འགྲོར་གྱུར་ཏེ། སྔ་མའི་ལོ་རྒྱུས་ཀྱི་ཞལ་རས་ལ་དེ་བས་གསལ་ཁ་གཏོད་ཐུབ་པའི་གནད་དུ་འགྲོ་ངེས་སོ།།
          མཆན་འགྲེལ།
         ○1གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཀྱི་ཆོས་སྲིད་མཛད་རྣམ།འཇིགས་མེད་བསམ་འགྲུབ་ཀྱིས་བརྩམས།མི་རིགས་དཔེ་
    སྐྲུན་ཁང་།༢༠༠༠ལོར་དཔར།
         ○2གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཀྱི་ཆོས་སྲིད་མཛད་རྣམ།འཇིགས་མེད་བསམ་འགྲུབ་ཀྱིས་བརྩམས།མི་རིགས་དཔེ་
    སྐྲུན་ཁང་།༢༠༠༠ལོར་དཔར།
         ○3གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཀྱི་ཆོས་སྲིད་མཛད་རྣམ།འཇིགས་མེད་བསམ་འགྲུབ་ཀྱིས་བརྩམས།མི་རིགས་དཔེ་སྐྲུན་
    ཁང་།༢༠༠༠ལོར་དཔར།
         ○4ཞུ་ཡིག་འཇམ་དབྱངས་སྙན་གྱི་མཛེས་རྒྱན་ཨུཏྤལ་འཛུམ་ཕྲེང་།རྒྱལ་དབང་ལྔ་པ་ཆེན་མོ།ཤོག་གྲངས༡༡༣
         ○5ཤུན་ཙི་ལ་ཕུལ་བའི་ཞུ་ཡིག་ཚངས་རིགས་དགྱེས་ཞལ་འཆར་བའི་མེ་ལོང་།རྒྱལ་དབང་ལྔ་པ་ཆེན་མོ།ཤོག་གྲངས༢༩༠
         ○6ཤུན་ཙི་ལ་ཕུལ་བའི་ཞུ་ཡིགབསོད་ནམས་ཉི་མ་སྟོང་འབར།རྒྱལ་དབང་ལྔ་པ་ཆེན་མོ།ཤོག་གྲངས༡༦༨
         ○7ཆིན་ཕོ་བྲང་གི་བོད་བརྒྱུད་ནང་བསྟན་གྱི་བཟོ་བོའི་སྡེ་ཁག་དང་བཟོ་བོ།ལོ་བུན་ཧཱ།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
    ༢༠༠༦ལོར་དཔར།ཤོག་གྲངས༡༡༡
         ○8ཤུན་ཙི་ལ་ཕུལ་བའི་ཞུ་ཡིག་རྫོགས་ལྡན་པད་དཀར་བཞད་པའི་འཛུམ་མདངས།རྒྱལ་དབང་ལྔ་པ་ཆེན་མོ།ཤོག་གྲངས༡༩༢
         ○9ཁང་ཤིས་རྒྱལ་པོར་ཕུལ་བའི་ཞུ་ཡིག་སྲིད་གསུམ་རྣམ་པར་གནོན་པའི་གད་རྒྱངས།རྒྱལ་དབང་ལྔ་པ་ཆེན་མོ།ཤོག་གྲངས༢༥༤
         ○10ཆིན་ཕོ་བྲང་གི་བོད་བརྒྱུད་ནང་བསྟན་གྱི་བཟོ་བོའི་སྡེ་ཁག་དང་བཟོ་བོ།ལོ་བུན་ཧཱ།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
    ༢༠༠༦ལོར་དཔར།ཤོག་གྲངས༡༡༡
         ○11ཤུན་ཙི་ལ་ཕུལ་བའི་ཞུ་ཡིགབསོད་ནམས་ཉི་མ་སྟོང་འབར།རྒྱལ་དབང་ལྔ་པ་ཆེན་མོ།ཤོག་གྲངས་༡༧༠
         ○12ཆིན་ཕོ་བྲང་གི་བོད་བརྒྱུད་ནང་བསྟན་གྱི་བཟོ་བོའི་སྡེ་ཁག་དང་བཟོ་བོ།ལོ་བུན་ཧཱ།ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
    ༢༠༠༦ལོར་དཔར།ཤོག་གྲངས༡༡༡
         ○13ཤུན་ཙི་ལ་ཕུལ་བའི་ཞུ་ཡིག་གནམ་བསྐོས་རིན་ཅེན་ཅོད་པཎ།རྒྱལ་དབང་ལྔ་པ་ཆེན་མོ།ཤོག་གྲངས༡༩༧
         ○14གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ཀྱི་ཆོས་སྲིད་མཛད་རྣམ།འཇིགས་མེད་བསམ་འགྲུབ་ཀྱིས་བརྩམས།མི་རིགས་དཔེ་སྐྲུན་
    ཁང་།༢༠༠༠ལོར་དཔར།
         ○15ཁང་ཤིས་རྒྱལ་པོ་ལ་ཕུལ་བའི་ཞུ་ཡིག་ཁམས་གསུམ་ཟིལ་གྱིས་གནོན་པའི་བདེན་གཏམ།རྒྱལ་དབང་ལྔ་པ་ཆེན་མོ།ཤོག་གྲངས
    ༣༦༦
         ○16དེབ་ཐེར་ཕྱོགས་བསྒྲིགས།ཀྲུང་ཧཱའི་དཔེ་ཅུས།ཕོ་བྲང་རྙིང་མའི་རྟེན་མཛོད་ཁང་དེབ་ཐེར་པུའུ་ནས་བསྒྲིགས།ཤོག་གྲངས༣༥
         ○17ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ་ཕུལ་བའི་འཕྲིན་ལན་ཆོས་སྲིད་བདག་པོར་བཀུར་བའི་གཏམ་སྙན་གནམ་གྱི་ཤེ་མོང་།རྒྱལ་
    དབང་ལྔ་པ་ཆེན་མོ།ཤོག་གྲངས༡༤༥
          ○18བོད་བརྒྱུད་ནང་བསྟན་ནི་རྒྱ་བོད་འབྲེལ་ལམ་སྲ་བརྟན་དུ་གཏོང་བའི་རྒྱུ་གལ་ཆེན་ཞིག་ཡིན།དོར་ཞི་གདོང་དྲུག་སྙེམས་བློ།
    མདོ་སྔགས་རིག་མཛོད་དྲ་བ་ལས་དྲངས།
         དཔྱད་གཞིའི་ཡིག་ཆ།
         ༡རྒྱ་བོད་ཧོར་སོག་གི་མཆོག་དམན་བར་པ་རྣམས་ལ་འཕྲིན་ཡིག་སྙན་ངག་ཏུ་བཀོད་པ་རབ་སྙན་རྒྱུད་མང་།རྒྱལ་དབང་ལྔ་བ་ཆེན་
    མོས་བརྩམས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༩༤ལོར་དཔར།
         ༢རྒྱལ་དབང་ལྔ་བ་ཆེན་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།སྤྱི་ལོ༡༩༨༩ལོར་དཔར།
          ༣བོད་ལྗོངས་ཞིབ་འཇུག་ཕྱོགས་བསྡུས་དེབ།༡༩༨༥དང༡༩༨༦ལོར་དཔར། 
         ༤དུང་དཀར་ཚིག་མཛོད།དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་།༢༠༠༡ལོར་
    དཔར།
         ༥མན་ཇུ་རྒྱལ་རབས་ཀྱི་བོད་དོན་ཕྱོགས་བསྡུས།བོད་ལྗོངས་ཞིབ་འཇུག་རྩོམ་སྒྲིག་ཚན་པས་བསྒྲིགས།བོད་ལྗོངས་དཔེ་སྐྲུན་
    ཁང་།
         ༦གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ།འཇིགས་མེད་བསམ་འགྲུབ་ཀྱིས་བརྩམས།མི་རིགས་དཔེ་སྐྲུན་
    ཁང་།སྤྱི་ལོ༢༠༠༠ལོར་དཔར།
         ༧བོད་རྒྱ་སངས་རྒྱས་ཆོས་ལུགས་ཀྱི་སྒྱུ་རྩལ་ཞིབ་འཇུགཤེར་སྦྱིན་ཧྲིང་དང་ཧྲིན་བེ་རོང་དང་ལོ་ཡང་བཅས་ཀྱིས་བསྒྲིགས།ཀྲུང་
    གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།སྤྱི་ལོ༢༠༠༦ལོར་དཔར།
         ༨དགའ་ལྡན་བྱིན་ཆགས་གླིང་།ཧ་བན་དཔེ་སྐྲུན་ཁང་།ཧང་ཁྲིན་ཧོ་སོགས་ཀྱིས་བསྒྲིགས།སྤྱི་ལོ༢༠༠༤ལོར་དཔར།
         ༩རྒྱལ་པོ་དང་སངས་རྒྱས་ཆོས་ལུགས།ཧ་བན་དཔེ་སྐྲུན་ཁང་།བང་ཀྲི་ཕེན་གྱིས་བརྩམས།སྤྱི་ལོ༡༩༩༧ལོར་དཔར།
         ༡༠མན་ཇུའི་རྒྱལ་རབས་དངོས་དོན་ཟིན་ཐོ་བསྡུས་པ་ལས་བོད་ཀྱི་ལོ་རྒྱུས་ཡིག་ཆ་བསྡམས་བསྒྲིགས།དེབ་གཉིས་པ་དང་བཞི་བ།
    བོད་ལྗོངས་མི་རིགས་སློབ་གླིང་ལོ་རྒྱུས་ཚན་པ།སྤྱི་ལོ༡༩༨༡ལོར་དཔར།
      

    ཕྱོགས་བསྡུས་གསར་འགྱུར།