འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།དོན་དམ་གྱི་རྗེས་དྲན་ཞིག

    རྗེ་བཙུན་ཤེས་རབ་རྒྱ་མཚོའི་གསུང་རྩོམ་བསྐྱར་དཔར་གྲུབ་པར་བྲིས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         བོད་ལ་ཡུན་རིང་གི་ལོ་རྒྱུས་ཁྲོད་དུ་མཚན་སྙན་གྱི་གཟི་དཔལ་ཕྱོགས་སུ་ཁྱབ་པའི་མི་སྣ་བགྲང་དུ་རུང་བ་ཞིག་བྱོན་ཡོད་ནའང་། ཁ་ཅིག་ནི་ད་ལྟ་མཚན་ཙམ་རེ་གླེང་རྒྱུ་མ་གཏོགས་དེ་དག་གི་མཛད་འཕྲིན་ཤིང་རྟའི་འཁོར་ལོའི་རི་མོ་ལོ་རྒྱུས་ཀྱི་བྱེ་མའི་ཀློང་དུ་སིམ་སྟེ་དོ་སྣང་བྱ་མཁན་གྱི་དཔུང་ཉག་ཧ་ཅང་ཕྲ་ཞིང་།  ཕྱིས་བྱོན་གྱི་སྐྱེས་ཆེན་དམ་པ་ཕལ་མོ་ཆེ་ཡང་།གྲུབ་མཐའི་ཆོས་རྒྱུན་འཛིན་མཁན་དང་གཞིས་དགོན་སོ་སོའི་དད་མོས་བྱ་ཡུལ་གཙོ་བོར་གྱུར་ཏེ། རང་རང་གི་གྲུབ་མཐའ་སོ་སོའི་སྲོལ་ཀ་ལྟར་དུས་མཆོད་སོགས་ཀྱི་སྒོ་ནས་རྗེས་དྲན་རྣལ་མ་བྱེད་པ་ནི་བོད་ཀྱི་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་ཤིག་སྟེ། དེ་ལ་ཐུན་མིན་གྱི་ཁྱད་ནུས་དང་དམིགས་གསལ་གྱི་དགེ་མཚན་ཤ་སྟག་ཡོད་མོད་ནའང་། ཁོ་བོས་བསམས་ན་གལ་སྲིད་རིག་པའི་དཔའ་བོའི་མཚན་སྙན་འཛིན་པའི་མེས་པོ་དག་ལ་ལྗགས་རྩོམ་གྱི་ཤུལ་བཞག་ནོར་བུ་ཡོད་ན་ནི།གང་དང་གང་གི་གསུང་རྩོམ་ལ་གོམས་འདྲིས་བྱེད་རྒྱུ་དེ་ཁོང་རྣམ་པའི་མཛད་འཕྲིན་ཡུན་ནས་ཡུན་དུ་འཇིག་རྟེན་དུ་གནས་ཐུབ་པའི་དོན་དམ་གྱི་རྗེས་དྲན་བྱེད་ཚུལ་འབའ་ཞིག་ཏུ་སེམས་སོ།།
         སྐྱེས་ཆེན་དམ་པ་གང་ཞིག་དགོངས་པ་རྫོགས་རྗེས། ཁོང་རྣམ་པའི་འཁྲུངས་ཡུལ་དང་གཞིས་དགོན་སོགས་སུ་རྗེས་དྲན་དང་། དུས་དྲན་གྱི་བྱེད་སྒོ་དང་ཆོ་ག་ཅི་རིགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་ནའང་། རྩ་བའི་ཆ་ནས་ཁོང་རྣམ་ཚོའི་གསུང་ངག་ལ་སློབ་སྦྱོང་གིས་རྗེས་དྲན་བྱ་རྒྱུ་ནི་དོན་དམ་གྱི་རྗེས་དྲན་ཉག་གཅིག་སྟེ། ཉེ་བའི་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཡོངས་ཁྱབ་ཀྱིས་བསྐྱར་དཔར་འགྲེམས་སྤེལ་གནང་བའི་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གི་གསུང་རྩོམ་པོད་གསུམ་གྱི་བདག་ཉིད་ཅན་འདི་ནི་མཁས་དབང་དམ་པ་གང་ཉིད་ལ་དོན་དམ་གྱི་རྗེས་དྲན་ཞིག་གནང་བའི་སྔོན་འགྲོ་རུ་གྲུབ་འདུག་སྟེ།འདི་ནི་དམ་པ་ཁོང་གི་མཛད་འཕྲིན་ལ་རྗེས་སུ་ཡི་རང་གིས་རྗེས་དྲན་བྱ་འདུན་ཡོད་པ་དག་ཡིད་ཀྱི་གཏིང་ནས་དགའ་འོས་བའི་དོན་ཆེན་ཞིག་ཏུ་བརྩི་བར་འོས་སོ།།
         རྗེ་བཙུན་ཤེས་རབ་རྒྱ་མཚོ་ཁོང་ནི་ཉེ་རབས་སུ་བྱོན་པའི་ཀུན་ལ་རྩོད་མེད་ཀྱི་མཁས་དབང་ཅིག་སྟེ། བོད་ཀྱི་ཆོས་སྲིད་གཉིས་ཆར་སྐྱེ་བོ་ཕལ་བས་འགྲན་གྱིས་དོ་མི་ཡོང་བའི་མཛད་རྗེས་རྨད་དུ་བྱུང་བ་འཇོག་གནང་མཛད་ཡོད་པ། དུས་རབས་གཅིག་གི་སྐྱེ་བོ་མང་བོའི་ངག་ན་དོན་གྱིས་ལྕི་བའི་ཁོང་གི་མཛད་བཟང་ཅི་རིགས་ཤར་ཤར་གླེང་ཐུབ་མཁན་ཤ་སྟག་ཡོད་པ་ལྟ་བུ་ཡིན་ནའང་། དུས་ཀྱི་འཁོར་ལོ་མདུན་དུ་བསྐྱོད་པའི་ཁྲོད་དུ་རང་ཅག་ཕྱི་རབས་པ་མང་པོ་ཞིག་གི་བློ་ངོར། ཁོང་གི་མཛད་འཕྲིན་གྱི་རི་མོ་དེ་ཡང་ཆར་རླུང་གིས་བྲན་པའི་རྩིག་ལྡེབས་ཀྱི་རི་མོ་ལྟར་སབ་སིབ་ཅིག་དང་། ཁོང་གི་མཛད་པའི་རྗེས་སུ་ཞུགས་ཏེ་རང་གཞན་གྱི་དོན་གཉིས་ལ་བོགས་ཐོན་པའི་འཕྲིན་ལས་གནང་མཁན་གྱི་སྐྱེ་བོ་ནི་ཉིན་སྐར་གྱི་རྗེས་སུ་སོང་བ་ལྟ་བུར་གྱུར་འདུག།དེ་ལྟར་གྱུར་དོན་ཡང་མདོར་དྲིལ་ན་ཁོང་གི་གསུང་ངག་ལ་མ་འདྲིས་པའི་རྐྱེན་ལས་བྱུང་པར་སེམས་ཤིང་། བརྒྱ་ལ་དམ་པ་ཁོང་གི་གསུང་ངག་ལ་འདྲིས་ཆ་ཡོད་པ་ཞིག་ཡིན་ན་ནི་དེས་ཡུལ་དུས་ཀྱི་ཚད་བཀག་མེད་པར་དམ་པ་ཁོང་ལ་དམིགས་པའི་དོན་དམ་གྱི་རྗེས་དྲན་གྱི་ནུས་པ་དེ་གདོན་དང་འདོན་བཞིན་ཡོད་པ་གཏན་འཁེལ་བར་ངེས་སོ།།
         དེ་ཡང་《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་》པོད་གསུམ་གྱི་བདག་གཉིད་ཅན་འདི་ཉིད་ནི། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་དུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྒྲུབ་ཏེ་འགྲེམས་སྤེལ་རྒྱ་ཆེར་གནང་བ་དམ་པ་ཁོང་ལ་མཚོན་ན་དོན་དམ་གྱི་རྗེས་དྲན་ཞིག་དང་། རང་ཅག་ཕྱི་རབས་པ་དག་གིས།མེས་པོ་དམ་པ་ཁོང་གི་སྐུ་ཡོན་ཆུ་འགོ་གངས་ལ་གཏུགས་པ་ལྟ་བུའི་ཉམས་ཞིབ་རྒྱུས་ལོན་ཐུབ་པའི་མཐུན་རྐྱེན་ཤིན་ཏུ་དམར་བ་ཞིག་ཏུ་གྱུར་ཅིང་། ཁ་ཅིག་གིས་ནི་ལོ་ངོ་མང་པོའི་རིང་ལ་ཁོང་གི་གསུང་རྩོམ་བལྟ་ཀློག་སློབ་སྦྱོང་གི་མ་དཔེ་ཉག་གཅིག་ཏུ་ཁྱེར་ཏེ་ད་ལྟ་བར་མ་ཀློད་གཡེལ་མེད་དུ་ཀློག་དང་བཀླག་བཞིན་པར་ཡོད་པ་མི་ཚེའི་བདེ་སྐྱིད་ཀྱི་གཞི་མར་གྲུབ་ཡོད་དོ།། 
         དེ་ལྟ་བུའི་གསུང་པོད་དེ་ནི་སྤྱི་ལོ་༡༩༥༡ལོར། དམ་པ་ཁོང་ཞལ་འཚོ་གཞེས་ཀྱི་སྐབས་སུ་སྐུ་དངོས་ཀྱིས་ཐུགས་བཀོད་བཞིན་ཟི་ལིང་གསར་བྱུང་དཔར་ཁང་ནས་གསར་དུ་བསྒྲིག་པའི་ལྕགས་པར་སྣ་རིང་དེ་གཞིར་བཟུང་ནས་བསྒྲིགས་པ་ཡིན་ལ།གསུང་པོད་དང་པོའི་ནང་དུ་《རྟ་ཚག་རྣམ་ཐར་བསམ་འཕེལ་ནོར་བུའི་བང་མཛོད་》དང་《རྟོགས་བརྗོད་ཉི་མ་འོད་ཟེར་བརྒྱ་པའི་སྙིང་པོ་》ཞེས་རྟོགས་བརྗོད་གཉིས་དང་།《བསྐལ་བའི་མེ་དཔུང་》དང་《དོགས་དོན་རབ་གསལ་མེ་ལོང་》དང་《སྨྲ་བ་ངན་པ་རྣམ་པར་འཐག་པ་མི་ཤིགས་རྡོ་རྗེའི་ཐོག་མདའ་》དང་《ལོག་སྨྲ་ཚར་གཅོད་པའི་རལ་གྲི་རྣོ་ངར་འབུམ་ལྡན་》བཅས་དགག་རྩོམ་བཞི།《ཡོན་ཏན་གཞི་གྱུར་མའི་འགྲེལ་བ་》ཞེས་པའི་གཞུང་འགྲེལ་དང་།《གདམས་པ་ཟབ་དོན་རབ་གསལ་》ཞེས་པའི་བསླབ་བྱ།《དབུ་མའི་ལྟ་མགུར》ཞེས་པའི་ལྟ་གྲུབ་ཀྱི་སྐོར་བཅས་ལྗགས་རྩོམ་དགུ་འདུས་པ་ཡིན་ལ། ལྗགས་རྩོམ་འདི་དག་ནི་དམ་པ་གང་ཉིད་ཧ་ལམ་དགུང་གྲངས་བཞི་བཅུ་ནས་དྲུག་ཅུའི་བར་སྐབས་སུ་བརྩམས་པ་དང་། དེ་ལས་སུམ་ཆའི་གཉིས་ཙམ་དབུས་གཙང་ནས་བརྩམས་ཤིང་། སུམ་ཆའི་གཅིག་ལས་《དབུ་མའི་ལྟ་མགུར་》ནི་མདོ་སྨད་ཟི་ལིང་དུ་བརྩམས་པ་དང་། 《རྟོགས་བརྗོད་ཉི་མ་འོད་ཟེར་བརྒྱ་བའི་སྙིང་པོ་》དང་《གདམས་པ་ཟབ་དོན་རབ་གསལ་》གཉིས་ནི་རྒྱ་ནག་ནན་ཅིང་ཡུལ་དུ་བརྩམས་པར་མངོན།《རྟ་ཚག་རྣམ་ཐར་བསམ་འཕེལ་ནོར་བུའི་བང་མཛོད་》ནི་ཁོང་ཉིད་དགུང་གྲངས་བཞི་ཅུ་ཞེ་གཉིས་བཞེས་པའི་ཚེ། དབུས་ཡུལ་ལྷ་སར་གོང་ས་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོའི་བཀའ་དང་ལེན་གྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་པར་གསར་བཞེངས་ཀྱི་ཞུ་དག་གི་སྲི་ཞུ་གནང་དུས་ལྷ་སར་སྦྱར་བ་དང་། ཤོག་གྲངས་བརྒྱ་དང་བཞི་ཅུའི་བདག་ཉིད་ཅན་གྱི་རྣམ་ཐར་འདི་ཉིད་རྩོམ་དུས་དམ་པ་གང་ཉིད་ཕྱག་ལས་ཤིན་ཏུ་བྲེལ་སྒང་ཆེ་བས་རིག་པའི་བུ་ཆུང་ཅང་ཤེས་རྒོད་པོར་ཆིབས་པ་ལྟ་བུའི་མྱུར་ཚད་ཀྱིས་སྔ་ནུབ་ཉིན་བཅུ་དྲུག་གི་རིང་ལ་གྲུབ་པར་སྦྱར། 《རྟོགས་པ་བརྗོད་པ་ཉི་མའི་འོད་ཟེར་བརྒྱ་པའི་སྙིང་པོ་》ནི་དམ་པ་གང་ཉིད་ལ་བཀའ་དྲིན་མཆོག་ཏུ་ཆེ་བའི་བླ་མ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་གུང་ཐང་བློ་གྲོས་རྒྱ་མཚོའི་རྣམ་ཐར་སྙན་ངག་གི་ལམ་ནས་བརྩམས་པ་ཞིག་དང་། དེ་སྔར་ཁོང་ནོར་གླིང་དུ་བཞུགས་དུས་ནས་བླ་མ་དམ་པ་དེའི་རྣམ་ཐར་རྩོམ་པའི་སྟ་གོན་ལ་ཞུགས་ཏེ་རྣམ་ཐར་གྱི་ས་བོན་དང་བཅས་པའི་ཚུལ་གོང་ས་རྒྱལ་དབང་བཅུ་གསུམ་པར་ཞུ་འདུན་མཆིས་པར།གོང་ས་བཅུ་གསུམ་པ་མཆོག་གློ་བུར་དགོངས་པ་གཞན་གཏད་ཀྱིས་རིམ་འགྱངས་སུ་ལུས་ཤིང་། ཕྱིས་སུ་ཁོང་གིས་རྣམ་ཐར་གྱི་ས་བོན་དང་བཅས་བསྣམས་ཏེ་ནན་ཅིང་དུ་ཕེབས་པ།རིན་པིན་གྱི་མེ་རླབས་སུ་ཤོར་ཏེ་བློ་ཕམ་མི་བཟད་པའི་གནས་སུ་ལུས་པར།སླར་ཡང་སྐུལ་མི་མང་པོས་ནན་ཏན་དུ་བསྐུལ་བ་ལ་བརྟེན་གྲུབ་པའི་རྣམ་ཐར་འདི་ཉིད་གྲུབ་རྐྱེན་གོ་རིམ་ཧ་ལས་པར་ཀྱག་ཀྱོག་ཆེ་བར་མཐོང་།གཞན་ཁོང་གི་ཐོར་རྩོམ་གསུང་པོད་གཉིས་པ་དང་གསུམ་པའི་ནང་དུ། དུས་སྔ་ཕྱི་གང་རུང་དུ་བརྩམས་པའི་ལྗགས་རྩོམ་ལ་གསོལ་འདེབས་ཀྱི་སྐོར།བསྟོད་པའི་སྐོར།བསང་མཆོད་ཀྱི་སྐོར།བཅའ་ཡིག་གི་སྐོར།བསླབ་བྱའི་སྐོར།སྐྱབས་ཐོའི་སྐོར།བཤད་པའི་སྐོར།ཐོར་རྩོམ་གྱི་སྐོར།འབྲུ་འགྲེལ་གྱི་སྐོར།ཕྱག་འཕྲིན་གྱི་སྐོར། རྟོགས་བརྗོད་རྣམ་ཐར་གྱི་སྐོར་བཅས་དོན་བཟང་པོ་དང་གནས་ལུགས་ཟབ་མོ་གང་ཡོད་ཐམས་ཅད་སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་ལུས་ངག་ཡིད་གསུམ་གྱི་གསོས་སུ་གྱུར་པར་ཁོང་གིས།ལུས་ལ་ཉི་སྣང་འབོད་པའི་འཕྲིན།།ངག་རིག་འདོད་པ་འཇོ་བའི་བ།།ཡིད་འཕྲོག་ཚངས་པའི་སྲས་མོའི་སྲིད།།བདུད་རྩིའི་རྫིང་བུ་འདི་ན་འཁྱིལ།།ཞེས་ཕྱོགས་བསྡོམས་མཛད་ཡོད་ལ།གཞན་ཡང་ཀླུ་སྒྲུབ་དགོངས་རྒྱན་གྱི་དགག་ཡིག་དང་ཆོས་སྲིད་གྲུབ་མཐའ་སྣ་ཚོགས་ཀྱི་གཏམ་ཞེས་པའི་གྲུབ་མཐའི་གཞུང་རྩོམ་འཕྲོར་ལུས་ཡོད་པ་དེ་དང་།ཁོང་གི་སློབ་བུ་ལྷ་རམས་པ་བསྐལ་བཟང་རྒྱ་མཚོས་བརྩམས་པའི་གསོལ་འདེབས་ཡིད་ཀྱི་གདུང་སེལ་དང་། རྣམ་ཐར་ཕུན་ཚོགས་ལེགས་ལམ་གྱི་རྩེ་མོ་གཉིས་བཅས་ཁྱོན་བསྡོམས་རྩོམ་གྱི་སྣ་ཁ་༣༡༩ཙམ་འདུ་བ་དེ་ལྟར་དང་། གསུང་རྩོམ་དེའི་དཀར་ཆག་ནི་དམ་པ་ཁོང་གི་སློབ་བུ་ལྷ་རམས་པ་བསྐལ་བཟང་རྒྱ་མཚོས་བསྒྲིག་གནང་པ་ཡིན་ལ། ལྷ་རམས་པ་བསྐལ་བཟང་རྒྱ་མཚོའི་ཞལ་ལས། རྗེ་བཙུན་ཤེས་རབ་རྒྱ་མཚོ་ཁོང་གིས་"དགའ་ལྡན་ཁྲི་ཟུར་བྱམས་པ་ཆོས་གྲགས་ཀྱིས་མཛད་པར་ཁ་གཡར་བའི་རྣམ་ཐར།དགེ་འདུན་ཆོས་འཕེལ་གྱི་དགག་ཡིག་སེང་གེའི་ང་རོ།ཨ་རོལ་རྣམ་ཐར་སོགས་ཁྱོན་བསྡོམས་གསུང་འབུམ་པོ་ཏི་བཅུ་ལྷག་ཡོད་ཀྱང་།བསྟན་པའི་གེགས་ཆག་གི་དབང་གིས་ནུབ་སྟེ་ད་ལྟ་པོ་ཏི་གསུམ་ལས་མེད།དེ་ཡང་ལེ་ཚན་དགུ་ལ་པོ་ཏི་གཅིག་དང་།ཐོར་བུ་པོ་ཏི་གཉིས་བཅས་དཔར་དུ་འཁོད་པ་གསུམ་པོ་འདི་ལས་མི་བཞུགས།"ཞེས་གསལ་བར་གསུང་བ་ལྟར་ད་བཞུགས་ལྗགས་རྩོམ་འདི་དག་ནི། ཇི་སྐད་དུ་མདོ་སྨད་སྨྲ་བའི་སེང་ཆེན་དཔྱི་ས་བློ་གྲོས་རྒྱ་མཚོས།  "ཁོང་གིས་གསུང་གསུང་ཐམས་ཅད་གསུང་འབུམ་རེད།ཕར་དོར་རྒྱུ་འཕེན་རྒྱུ་གཅིག་ཀྱང་ཡོད་པ་མ་རེད་"ཅེས་ཚིག་ཟུར་ཙམ་གྱི་གསུང་ལའང་དེ་ཙམ་གྱིས་གདེང་འཇོག་གནང་མྱོང་ན། ཁོ་བོ་ཅག་གི་དཔལ་དུ་དངོས་སུ་བཞུགས་པའི་ཡིག་ཐོག་གི་གསུང་རྩོམ་འདི་དག་ནི་དམ་པ་གང་གི་སྐུ་ཡོན་ལ་གོམས་འདྲིས་ཀྱིས་ཁོང་གི་མཛད་བཟང་ཡུན་ནས་ཡུན་དུ་སྤེལ་བའི་དོན་དམ་གྱི་རྗེས་དྲན་བྱེད་སའི་གཞི་མ་དང་།ཁོ་བོ་ཅག་བོད་ཀྱི་རིག་གནས་ཀྱི་བང་མཛོད་དུ་གཟིགས་མོར་ཆས་བྱེད་རིག་པའི་ལྡེ་མིག་ཏུ་བསྟེན་ཆོག་ལ། རང་གི་བློ་ལ་ཡོན་ཏན་གྱིས་ཕྱུག་པའི་རིག་པའི་དཔའ་བོ་ཞིག་ལ་མཚོན་ན་ཁོང་གི་གསུང་རྩོམ་འདི་དག་ནི་མཁས་པ་རབ་འབྲིང་ཀུན་གྱི་གསུང་རབ་ལེགས་ཉེས་ཚད་ལེན་བྱེད་ཀྱི་ཐིག་ཤིང་དུ་བསྣམས་ཆོག་པ་ལྟ་བུ་ཡིན་པར་སེམས་ཤིང་།  གལ་སྲིད་དམ་པ་ཁོང་ཉིད་ཞལ་འཚོ་གཞེས་གནང་པ་ཡིན་ནའང་།ཁོང་གི་གསུང་ལ་གོམས་འདྲིས་བྱེད་མཁན་དེ་ནི་ཁོང་ཉིད་ཆེས་ཐུགས་མཉེས་ཤོས་ཡིན་པ་རྗེས་སུ་དཔགས་པར་ནུས་སོ།།
         དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་དུ། དམ་པ་ཁོང་གི་གསུང་པོད་དེ་ཉིད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ལྕགས་པར་དུ་བཏབ་སྟེ་ཁྱབ་བརྡལ་རྒྱ་ཆེར་བཏང་བ་འཛམ་གླིང་ཧྲིལ་བོར་བོད་ཀྱི་རིག་པའི་གཟི་བྱིན་ཉི་མ་ཤར་རི་ནས་འཕགས་པ་ལྟ་བུའི་རིག་པའི་སྣང་པ་ཆེས་ཆེར་རྒྱས་པའི་དགེ་མཚན་བསྐྲུན་ཡོད་པ་དེ་ལྟ་ནའང་། ཁ་ཅིག་གིས་ཁོང་གི་གསུང་ངག་ལ་འདྲིས་ཆ་གནང་དགོས་ངེས་ཀྱི་རྩོལ་བ་དེ་ཙམ་མ་གནང་བས། དམ་པ་གང་ལ་དགའ་དད་སྙིང་ནས་བྱ་མཁན་རང་ཡིན་ནའང་། ཁོང་གི་མཛད་འཕྲིན་ལ་རྗེས་དྲན་བྱ་རྒྱུ་ཕར་ཞོག རང་རྒྱུད་ལ་མཁས་དབང་གང་གི་མཛད་པའི་གཟི་བྱིན་གྱིས་བརྒྱན་རྒྱུའི་འདུན་པ་བཟང་བོ་ཡང་ཡིད་ཀྱི་གཏིང་ནས་ཅི་ཙམ་གཡོས་ཀྱང་།ནག་ཐོམ་མེར་གཞན་གྱི་ཟེར་སྒྲོས་ཙམ་ལ་སྙན་དབང་གཏད་རྒྱུར་ལུས་ཡོད་ལ།མ་ཟད་ཕྱིས་ཀྱི་ལོ་ངོ་སུམ་ཅུའི་རིང་དུ་མཁས་དབང་གང་གི་གསུང་པོད་བསྐྱར་དཔར་སོགས་ཀྱི་ལས་གཞི་ལག་ཏུ་མ་བསྟར་བར་ཡུན་རིང་འགོར་བས། རེ་ཞིག་མཁས་དབང་གང་གི་གསུང་རྩོམ་དེ་ཡང་འདབ་ལོའི་ཟིལ་བ་ཉི་ཟེར་གྱིས་ཁྱེར་པ་ལྟར་དེབ་ཀྱི་ཁྲོམ་དུ་སྟོངས་ཤིང་།  དམ་པ་གང་གི་གསུང་ལ་སློབ་སྦྱོང་དང་ཐུགས་འདྲིས་གནང་འདོད་ཡོད་པའི་ལས་དང་པོ་བ་སྐོར་ཞིག་གི་རེ་བ་བསྐངས་མ་ཐུབ་པར་ཕངས་པའི་གཞི་རུ་ལུས་ཏེ། དམ་པ་ཁོང་གི་མཛད་འཕྲིན་དོན་དམ་གྱིས་རྗེས་དྲན་བྱེད་རྒྱུར་ཡང་གེགས་སུ་སོང་བའི་ཚུལ་མངོན་པའི་གནད་འགག་གི་དུས་སྐབས་འདིར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྔ་སྲོལ་བཟང་པོ་རྒྱུན་འཛིན་གྱིས།དམ་པ་ཁོང་གི་གསུང་རྩོམ་བསྐྱར་དཔར་གྱི་འགན་འཁྲི་བསྐྱངས་པ།སྤྱིའི་ཆ་ནས་སྔོན་ལྷ་རམས་པ་བསྐལ་བཟང་རྒྱ་མཚོའི་དཀར་ཆག་སྒྲིག་གཞི་ལ་འགྱུར་བཅོས་མ་བཏང་བར་སྔ་མའི་ལེགས་སྲོལ་གྱི་རྒྱུན་བཟུང་ཞིང་།དེ་མིན་བུམ་པ་སྒྲོ་ཡིས་བརྒྱན་པ་ལྟར་གསར་རྙེད་བསང་མཆོད་ཀྱི་རྩོམ་སྣ་གཉིས་དང་ཀུན་མཁྱེན་སྐུ་ཕྲེང་ལྔ་བའི་དགོངས་རྫོགས་གསོལ་འདེབས་བཅས་ལྗགས་རྩོམ་གསུམ་ཙམ་ནང་འཇུག་དང་། དཔར་གྱི་ཡི་གེ་ཆེ་ཆུང་དང་གོང་འོག་ཐིག་ཕྲེང་གི་བར་ཐག་ཧ་ཅང་བསྲེ་བ་མིན་པ་ཀུན་ནས་འཚམས་ཤིང་། གསུང་པོད་རེ་རེའི་མདུན་དུ་དམ་པ་ཁོང་གི་མཛད་འཕྲིན་མཚོན་པའི་སྐུ་པར་གྱིས་བསུས་ཡོད་པ་བཅས།མདོར་ན། པར་གཞིའི་སྒྲིག་སྟངས་དང་ཚོན་གྱི་མདངས་སོགས་གང་ཅིར་སྔོན་ལས་དགེ་མཚན་བླ་ལྷག་ཏུ་མཆིས་ལ།མ་ཟད་གསུང་རྩོམ་འདི་ཉིད་བསྐྱར་དཔར་གནང་བའི་དུས་ཚོད་ཡང་མཁས་དབང་གང་ཉིད་སྐུ་བལྟམས་ནས་ལོ་འཁོར་བརྒྱ་དང་སུམ་ཅུ་འཁོར་བའི་དུས་ཁྱད་པར་ཅན་དང་འཁེལ་བས། རིང་མོ་ཞིག་ནས་མཁས་དབང་གང་གི་མཛད་རྗེས་མི་ནུབ་རྗེས་དྲན་དང་ཁྱབ་བསྒྲགས་ཀྱི་ལས་ལ་སེམས་ཀྱིས་འཁུར་བསྣམས་མཁན་དག་ལ་མཚོན་ན། འདི་ལས་ལྷག་པའི་ལམ་ལྷོངས་བྱུང་རྒྱུ་མེད་པ་ལྟ་བུ་ཡིན་པས། འདི་ནི་རྗེ་བཙུན་ཤེས་རབ་རྒྱ་མཚོ་ཁོང་ལ་དོན་དམ་གྱི་རྗེས་དྲན་གྱི་སྔོན་འགྲོ་ཡིན་པའི་གནད་ཀྱི་དོན་པོར་ཁོ་བོས་འཁུམས་སོ།། ༼ ཤེར་གྲོལ། ༽
      

    ཕྱོགས་བསྡུས་གསར་འགྱུར།