འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་དེང་ཟུང་འབྲེལ་གྱི་གསེར་ནག་གྲོང་། 

    སུའོ་ཧུང་དབྱིས། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཨོ་ལུའུ་ཕུའུ་ལུའེ་ཐུའུ་གྲོང་ནི་པར་ཙིར་གྱིས་ཉར་ཚགས་ཆ་ཚང་ཤོས་བྱས་པའི་མི་སེར་སྤེལ་བའི་དུས་ཀྱི་གྲོང་ཁྱེར་ཞིག་རེད། མཐའ་བཞི་རི་ཡིས་བསྐོར་བའི་གནའ་གྲོང་དེ་ཉམས་མྱོང་པ་ཞིག་དང་འདྲ་བར་པར་ཙིར་གྱི་མི་སེར་སྤེལ་ཡུལ་གྱི་ལོ་རྒྱུས་ནང་གི་གསེར་སྔོག་པའི་ཚ་ཚ་འུར་འུར་གྱི་མཐོ་རླབས་དང་རང་བཙན་འོས་ལངས་སྐབས་ཁྲག་དྲོན་དང་ཚེ་སྲོག་བློས་བཏང་བའི་དཔང་པོའང་བྱེད་བཞིན་ཡོད། ད་ཆ་གྲོང་ཁྱེར་དེ་སྔར་ཡོད་རྣམ་པ་ཇི་བཞིན་གནས་ཐུབ་ནས་ལོ་300ཡི་སྔོན་དང་སྤྱིར་ན་ཁྱད་པར་མེད།
         དུས་རབས་བཅུ་བདུན་པའི་དུས་མཇུག་ཏུ། པར་ཙིར་གྱི་ནང་སར་མི་སེར་སྤེལ་མཁན་ཕོར་ཐིའུ་ཀལ་བའི་རུ་ཁག་ཅིག་གིས་ཆུ་འགྲམ་དུ་ཆུ་འཐུང་བའི་སྐབས་ཆུའི་ནང་ནས་འོད་ཆིལ་ཆིལ་གྱི“རྡོ་ཧྲུག”ནག་པོ་མང་པོ་ཞིག་རྙེད། རྗེས་སུ“རྡོ་ཧྲུག”དེ་ཚོ་ནི་ལྕགས་བཙའ་སྲབ་མོས་གཏུམ་པའི་གསེར་ཡིན་པ་ཤེས། གསེར་གཏེར་རྙེད་པའི་སྐོར་ཀུན་ལ་ཁྱབ་པའི་སྐབས། པར་ཙིར་གྱི་ས་གནས་ཁག་དང་ཡོ་རོབ་ནས་གསེར་སྔོག་པར་ཡོང་མཁན་སྦྲང་མ་ཤ་ལ་འཁོར་བ་བཞིན་འུར་འོང་ཞིང་། པར་ཙིར་ལོ་རྒྱུས་ཐོག་གི“རྫོགས་ལྡན་དུས”དང་མཉམ་དུ་ཨོ་ལུའུ་ཕུའུ་ལུའེ་ཐུའུ་གྲོང་བྱུང་བ་རེད། དེ་ནི“གསེར་ནག་པོ”ཞེས་པའི་དོན་ཡིན།
         ཨོ་ལུའུ་ཕུའུ་ལུའེ་ཐུའུ་གྲོང་དེ་1711ལོར་བསྐྲུན་པ་དང་། དུས་ཐུང་ལོ་བཅུ་གྲངས་རིང་མི་འབོར་ལི་གཡོད་རེ་ནེ་ལུ་དང་ཉིའུ་གཡོད་ལས་མང་བ་བྱུང་ཡོད། 《ལ་ཏིང་མེ་གླིང་གི་ཁྲག་རྩ་གཏུབ་པ་》ཞེས་པའི་དེབ་ནང་། “གཏེར་སྔོག་མཁན་གངས་རུད་བརྒྱབ་པ་བཞིན་སླེབས་པའི་དུས་སུ་ཆགས་པའི་གསེར་ནག་གྲོང་དེ་གསེར་སྔོག་པའི་ལོ་རྒྱུས་ཀྱི་ཉིང་བཅུད་དུ་གྱུར་ཅིང་། དེའི་རང་བྱུང་གནས་སྟངས་ནས་བལྟས་ཚེ། གྲོང་ཁྱེར་དེ་ཨ་མེ་རི་ཁ་གླིང་ཧྲིལ་པོའི་ལྟེ་བ་ཡིན་པ་དང་། དེར་བདག་པའི་རྒྱུ་ནོར་ནས་བཤད་ཚེ། དེ་ནི་པར་ཙིར་གྱི་མུ་ཏིག་ལྟ་བུར་གྱུར་ཡོད”ཅེས་འཁོད་ཡོད། 1700ནས་1820ལོའི་བར། ཨོ་ལུའུ་ཕུའུ་ལུའེ་ཐུའུ་གྲོང་ནས་གསེར་ཏུན་1200ལྷག་ཙམ་བཏོན་པ་དེས་དེ་དུས་འཛམ་གླིང་གི་གསེར་ཐོན་འབོར་གྱི་80%བཟུང་ཡོད། གསེར་ལེབ་ལྕུག་བཟོས་ནས་ཕོར་ཐིའུ་ཀལ་གྱི་རྒྱལ་པོ་ཚང་ལ་རྒྱུན་མི་ཆད་པར་གཏོང་བ་དང་། ཕོར་ཐིའུ་ཀལ་གྱི་རྒྱལ་པོ་ཚང་གིས་གསེར་ཕལ་མོ་ཆེ་དབྱིན་ཇིའི་བཟོ་ལས་ཐོན་ཟོག་དང་བརྗེ་པོ་རྒྱག་གི་ཡོད། དེས་ན་གསེར་དེ་དག་གིས་དབྱིན་ཇིའི་བཟོ་ལས་གསར་བརྗེར་ཕན་ནུས་སྤྲད་ནས་ནུབ་ཕྱོགས་ཀྱི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་ཡོད།
         ཡོ་རོབ་ཀྱི་ཆོས་ལུགས་དང་མཛེས་དཔྱོད་རིག་པ་གསེར་གྱར་སའི་ལམ་རྒྱུད་ནས་ཚུར་དར་ཏེ། པ་ལུའོ་ཁེའི་ལུགས་ཀྱི་ཨར་སྐྲུན་མང་པོ་ཞིག་ཐོན་པའི་ནང་། སྙིང་པོར་གྱུར་པ་མཆོད་ཁང་ཡིན་ཞིང་། དེའི་ཕྱི་ངོས་གནའ་ཉམས་དོད་པ་དང་ལྷག་པར་དུ་རྩེར་སོན་པའི་རྐོས་དཀྲོལ་མང་པོ་ཞིག་པར་ཙིར་གྱི་སྒྱུ་རྩལ་མཁས་པ་ཨན་ཏུང་ཉི་ཨོ·ཕུའུ་ལང་ཤིས་སིའི་ཕྱག་བཟོ་རེད།
         དུས་རབས་བཅུ་དགུ་པའི་ནང་། གསེར་གཏེར་རིམ་བཞིན་རྫོགས་ནས་ཨོ་ལུའུ་ཕུའུ་ལུའེ་ཐུའུ་བ་མང་པོ་ཞིག་ཕྱིར་ཕྱིན་ནས་གྲོང་དེའི་ཆབ་སྲིད་དང་དཔལ་འབྱོར་གྱི་ཤུགས་རྐྱེན་རིམ་བཞིན་ཉམས་ཆག་ཏུ་སོང་བ་དང་། རྫོགས་ལྡན་དུས་ཀྱིས་ས་ཆ་དེར་རྒྱུ་ནོར་གསོག་འཇོག་དང་བཟོ་ལས་ཀྱི་རྨང་གཞི་བཞག་མེད་ཅིང་། དབུལ་ཕོངས་ཀྱི་མི་རྣམས་དང་པ་ལུའོ་ཁེའི་ལུགས་ཀྱི་གྲོང་ཁྱེར་དེ་འབའ་ཞིག་བཞག ཡིན་ནའང་དེས་རྐྱེན་པས་ཨོ་ལུའུ་ཕུའུ་ལུའེ་ཐུའུ་གྲོང་དེ་བར་སྐབས་ཤིག་རིང་འཕེལ་རྒྱས་མ་བྱུང་བར་སྔོན་མའི་རྣམ་པ་ཇི་མ་ཇི་བཞིན་རང་སོར་ལུས།
         པར་ཙིར་གྱི་དཔལ་འབྱོར་ཡར་རྒྱས་བྱུང་བ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་སོང་བ་དང་སྦྲགས། སྲིད་གཞུང་གིས་གནའ་གྲོང་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཆ་ལག་ཚང་བ་མང་པོ་ལག་ལེན་བསྟར་ཏེ། ཁྲིམས་གཞི་ཆེད་མངགས་བཟོས་ནས་གནའ་ཤུལ་སྲུང་སྐྱོང་ཁར་མ་དངུལ་ཡང་མང་པོ་བཏང་ཞིང་། སྲིད་གཞུང་སྡེ་ཚན་གྱིས་སྤྱི་པའི་ཨར་སྐྲུན་ལ་དུས་གཏན་ནང་རྩད་ཞིབ་དང་ཉམས་གསོ་བྱེད་པ་མ་ཟད། ཐོ་ཞིབ་ཕྲ་བྲིས་ནས་ཡིག་ཚགས་སུ་ཉར་བ་དང་། སྒེར་གྱི་སྡོད་ཁང་ཉམས་གསོར་ཡང་གཏན་འབེབས་ནན་པོ་བྱས་ཏེ། རང་སྡོད་སའི་ཁང་པར་བཟོ་བཅོས་རྒྱག་ཚེ། ངེས་པར་དུ་རེ་འདུན་ཞུ་དགོས་ལ། དེའི་ཚོན་མདོག་དང་། བཟོ་ལྟ། རྒྱུ་ཆ་ཚང་མ་གྲོང་ཁྱེར་གྱི་ཁྱད་ཆོས་དང་མཐུན་པ་དགོས་ཀྱི་ཡོད། གལ་སྲིད་གཏན་འབེབས་ལས་འགལ་ཚེ། སྲིད་གཞུང་གིས་ཉམས་པ་སོར་ཆུད་དགོས་པའི་ཁར་དངུལ་ཆད་ཀྱང་གཅོད་ཀྱི་ཡོད། 1980ལོར་ཨོ་ལུའུ་ཕུའུ་ལུའེ་ཐུའུ་གྲོང་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་གི་མཚན་སྙན་སྤྲད་ཡོད། པར་ཙིར་གྱི་ལོ་རྒྱུས་གནའ་གྲོང་ཞིག་ཡིན་པའི་ཨོ་ལུའུ་ཕུའུ་ལུའེ་ཐུའུ་གྲོང་གིས་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་50ལྷག་ཙམ་ལ་སྣེ་ལེན་ཞུས་ནའང་། གྲོང་ཁྱེར་གྱི་ནོར་སྲིད་ཡོང་སྒོ་ཡུལ་སྐོར་ལས་རིགས་ཁོ་ནར་མི་བརྟེན་པར་གཙོ་བོ་གཏེར་ཁ་སྔོག་འདོན་ལས་རིགས་དང་སློབ་ཆེན་གྲོང་རེད། མི་འབོར་ཉུང་ཤས་ཤིག་གིས་ཡུལ་སྐོར་དང་འབྲེལ་བའི་ལས་རིགས་གཉེར་གྱི་ཡོད།
         གནའ་བོའི་ཨར་སྐྲུན་དངོས་པོས་གྲོང་ཁྱེར་དེར་གནའ་ཉམས་ཤིག་བྱིན་ན་ཡང་། མི་རྣམས་ཀྱིས་སྐྱེལ་བའི་རྒྱུན་གཏན་འཚོ་བར་དེང་རབས་ཀྱི་གསོན་ཉམས་ཤིག་སྐྱེས། གྲོང་ཁྱེར་འཕེལ་རྒྱས་དང་གནའ་གྲོང་སྲུང་སྐྱོང་བྱ་རྒྱུའི་དབར་དོ་མཉམ་ཡག་པོ་བྱུང་ནས། ཨོ་ལུའུ་ཕུའུ་ལུའེ་ཐུའུ་གྲོང་ལ་གནའ་དེང་ཟུང་འབྲེལ་གྱི་རྣམ་པ་ཞིག་ངང་གིས་ཐོན་ནས། གྲོང་ཁྱེར་གྱི་ཆོས་ཁང་དང་སྲང་ལམ་ཅི་རིགས་ལ་སྐྱོད་པའི་སྐབས་མི་རྣམས་ལ་འདས་ཟིན་པའི་ལོ་ཟླར་སླེབས་པ་ལྟ་བུ་བྱུང་སྟེ་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་ངང་གིས་ཡོང་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།