འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་རིས་དྲ་རྒྱའི་བདེ་འཇགས་ཐད་རིམ་པ་མཐོ་བའི་སྐད་ཆ་ཤོད་རེས་
    སླར་ཡང་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་འབྲེལ་ཡོད་དོན་གནད་ཐད་ཀྱི་ཀྲུང་གོ་དང་ཨ་རིའི་རིམ་པ་མཐོ་བའི་མཉམ་འབྲེལ་སྐད་ཆ་ཤོད་རེས་ཐེངས་གཉིས་པ་དེ་ཟླ་6ཚེས་14ཉིན་པེ་ཅིང་དུ་བྱས་ཤིང་། དེ་ནི་ན་ནིང་གི་ཟླ་12པར་ཨ་རིའི་ཝ་ཧྲིང་ཐོན་ལ་དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་འབྲེལ་ཡོད་དོན་གནད་ཐད་ཀྲུང་གོ་དང་ཨ་རིའི་དབར་རིམ་པ་མཐོ་བའི་མཉམ་འབྲེལ་སྐད་ཆ་ཤོད་རེས་ཐེངས་དང་པོ་བྱས་པ་ནས་བཟུང་གི་ཕན་ཚུན་དབར་སྐད་ཆ་ཤོད་རེས་ཐེངས་གཉིས་པ་དེ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐད་ཆ་ཤོད་རེས་ཀྱི་ནང་དོན་ནང་། དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་དང་། དྲ་རྒྱའི་གྱོད་གཞི་བརྟག་དཔྱད་སོགས་བརྗོད་གཞི་མང་པོ་ཞིག་ཡོད་པར་བརྟེན་ཕྱོགས་གཉིས་པོས་རེ་བ་ཆེན་པོ་བྱེད་བཞིན་ཡོད། རིགས་གཅིག་མཁས་པ་མང་པོས་ཀྲུང་གོ་དང་ཨ་རིས་དྲ་རྒྱའི་མཉམ་ལས་ཁྲོད་ཀྱི་དུས་མཚམས་རང་བཞིན་གྱི་སྐད་ཆ་ཤོད་རེས་གལ་ཆེན་ཞིག་ཡིན་པ་དང་། དེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་སྔར་བས་དོན་འཁྱོལ་ཡོང་བ་དང་མཉམ་ལས་སྒྲོམ་གཞི་མུ་མཐུད་འཐུས་སྒོ་ཚང་དུ་སོང་ནས། ཕན་ཚུན་གྱི་དོ་ཁུར་ལ་འཕྲལ་མར་བརྡ་ལན་ནུས་ལྡན་བསློགས་ཏེ་མི་མཐུན་པའི་ཆར་དགེ་མཚན་ལྡན་པའི་ཚོད་འཛིན་དོ་དམ་ཐུབ་ནས་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་དང་འབྲེལ་བའི་དོན་དངོས་ཀྱི་གནད་དོན་སེལ་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་ལུགས་བཤད།
         “ད་རེས་ཀྱི་རིམ་པ་མཐོ་བའི་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་དྲ་སྦྲེལ་གྱི་རྒྱལ་ཁབ་ཆེན་པོ་ཀྲུང་གོ་དང་ཨ་རི་གཉིས་ཀྱིས་དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་འཇུག་གཞིར་བརྩིས་ནས་རྒྱུན་གཏན་གྱི་འབྲེལ་བའི་ལམ་སྲོལ་ལ་བརྟེན་ཏེ་གླེང་མང་བའི་གནད་དོན་དང་དོན་རྐྱེན་ཐད་འཕྲལ་མར་ཆ་འཕྲིན་བརྗེ་རེས་བྱེད་པ་དང་། གོ་འཛོལ་སེལ་བ། མཉམ་ལས་བྱས་ཏེ་དྲ་སྦྲེལ་ཧྲིལ་པོ་བདེ་འཇགས་ལྡན་པ་ཡོང་བར་ཕན་འདོགས་རྒྱུའི་རེ་བ་ཡོད”ཅེས་ཀྲུང་གོ་རྩིས་འཁོར་མཐུན་ཚོགས་ཀྱི་ལས་འཛིན་དྲ་སྦྲེལ་ལག་རྩལ་རིགས་གཅིག་མཁས་པ་ཀྲའོ་ལེང་གིས་དེ་ལྟར་བཤད།
         ད་རེས་ཀྱི་སྐད་ཆ་ཤོད་རེས་འདི་ན་ནིང་ཟླ་12པར་སྐད་ཆ་ཤོད་རེས་དང་པོ་བྱས་པའི་གྲུབ་འབྲས་མང་པོར་གཞི་བཅོལ་བ་ཞིག་ཡིན་ཞིང་། སྐད་ཆ་ཤོད་རེས་དང་པོའི་ནང་། ཀྲུང་གོ་དང་ཨ་རི་གཉིས་ཀས་《དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དེ་འབྲེལ་གྱི་དོན་གནད་སྐོར་གྱི་མཛུབ་ཁྲིད་རྩ་དོན་》བཀྲམ་ནས་དྲ་རྒྱའི་ཉེས་གསོག་སོགས་ལ་རྡུང་རྡེག་གཏོང་བའི་ཁྱབ་ཁོངས་ཁག་ནང་གི་ཉམས་མྱོང་སྤེལ་རེས་བྱ་རྒྱུ་དང་། དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དེ་འབྲེལ་གྱི་དོན་གནད་ཐད་ཀྱི་རྒྱལ་ཁབ་གཉིས་པོའི་ཐད་འབྲེལ་ཁ་པར་འཛུགས་རྒྱུ། དྲ་རྒྱའི་ཉེས་གསོག་གྱོད་གཞིར་རྡུང་རྡེག་གཏོང་བའི་མཉམ་ལས་བྱ་རྒྱུ་སོགས་ལ་མོས་མཐུན་བྱས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་དང་ཨ་རིའི་དེ་གོང་གི་གྲོས་མཐུན་བཀོད་སྒྲིག་བཞིན་དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་འབྲེལ་ཡོད་དོན་གནད་ཐད་ཀྲུང་གོ་དང་ཨ་རིའི་རིམ་པ་མཐོ་བའི་མཉམ་འབྲེལ་སྐད་ཆ་ཤོད་རེས་ཐེངས་གཉིས་པ་ཀྲུང་གོར་བྱེད་པར་ཡོང་བའི་ནང་། ཨ་རི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པ་དེ་ཨ་རིའི་ཁྲིམས་འཛིན་པུའི་པུའུ་ཀྲང་ལིན་ཆི་དང་རྒྱལ་ཁབ་ས་ཆ་བདེ་འཇགས་པུའི་པུའུ་ཀྲང་གཡོད་ཧན་ཤུན་གཉིས་ཀྱིས་སྣེ་འཁྲིད་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།