འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།“མཁའ་ལམ”ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་དཔང་པོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་06ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་ཆར། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གི་རླངས་འཁོར་དུ་བསྡད་ནས་དྲག་ཆས་ཉེན་རྟོག་དཔོན་དམག་གིས་འཚོ་གནས་དཀའ་བའི་ཁུལ་དུ་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་བདག་སྐྱོང་ཇི་ལྟར་བྱས་མིན་ཉམས་སུ་བླངས་ཤིང་། འདི་ནི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་དཔོན་དམག་གིས་སྤང་གོང་མཚོའི་ངོགས་སུ་གཞུང་ལམ་མྱུར་བཟོ་བདག་སྐྱོང་བྱེད་བཞིན་ཡོད་པ།
           ཤིན་ཧྭ་གསར་འགྱུར་ཝུའུ་ལུའུ་མུའུ་ཆི་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉིན་གུང་གི་མཚམས་སུ་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་བཞི་པའི་ལས་སྒྲུབ་རུ་འབྲིང་གི་ཁ་ལོ་བ་ཁྲང་ཤིན་དབྱིས་རླངས་འཁོར་བཏང་ནས་ཤིན་བོད་གཞུང་ལམ་གྱི་ཕུར་པ་ཨང་766བརྒྱུད་ནས་སྐྱོད་སྐབས་དུང་བརྡ་ཤུགས་ཆེན་བསྒྲགས་ཏེ་དེ་ཁུལ་དུ་སྐུ་གཤེགས་པའི་འཐབ་གྲོགས་ཤིག་ལ་གུས་བཀུར་ཞུ་ལུགས་མཚོན་པར་བྱས་པ་རེད།
         2002ལོར་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་བཞི་པས་ཝུའུ་ལུའུ་མུའུ་ཆི་ནས་བོད་ལྗོངས་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་དུ་སྤོས་ནས་ཤིན་བོད་གཞུང་ལམ་བདག་སྐྱོང་ཤར་བགྲོད་ཀྱི་ལས་འགན་ཁུར་ཏེ་འདི་ལོའི་བར་ལོ་15ཏག་ཏག་འཁོར་བ་རེད། ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཉིང་ལག་རུ་ཁག་གི་རླངས་འཁོར་ནང་བསྡད་དེ་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཇི་ལྟར་བྱས་ཏེ“ཚེ་སྲོག་རྩ་བ་ནས་འཆོ་མི་ཐུབ་པའི་ཁུལ”དུ་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་སྲུང་སྐྱོང་བྱེད་ཚུལ་རང་ངོ་མས་མྱོང་ཚོར་ཐུབ་པ་བྱས་པ་རེད།
         ཤིན་བོད་གཞུང་ལམ་ལ་རྒྱལ་ལམ་219ཡང་བརྗོད་ཅིང་། བྱང་ཤིན་ཅང་ཡེ་ཁྲེང་གྲོང་ཁྱེར་ནས་ལྷོ་བོད་ལྗོངས་ལྷ་རྩེའི་བར་ཡིན་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་2340ལྷག་ཙམ་ཡོད་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་གྱི་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲི་ཧྲེ་ཏུའུ་5ཡང་མ་ཟིན་པ་དང་གསོ་རླུང་འདུས་ཚད་སྐམ་སའི་དབུས་ཁུལ་གྱི་40%ལས་ཟིན་གྱི་མེད་པ་རེད། གཞུང་ལམ་ཤར་བགྲོད་ཀྱི་ནུས་པ་ཆེ་རུ་དང་བདེ་འཇགས་སྟོན་གྲངས་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་བསྟུན་ནས་མངའ་རིས་ནས་ཡེ་ཁྲེང་བར་སྐྱོད་པའི་ལམ་ཐག་ཉིན་གྲངས་དེ་སྔའི་ཉིན་15ནས་ད་ཆའི་ཉིན་1བར་ཐུང་དུ་ཕྱིན་ཡོད་པ་རེད།
          མངའ་རིས་ནས་ཐོན་ཏེ་ལམ་ཐག་སྤྱི་ལེ་100ལྷག་ཙམ་བསྐྱོད་རྗེས་ཤིན་བོད་ལམ་རྒྱུད་ཀྱི་ས་ཚིགས་དང་པོ་རུ་ཐོག་རྫོང་དུ་འབྱོར་ཞིང་། རུ་ཆེན་དང་པོའི་རུ་འབྲིང་དང་པོའི་པན་ཀྲང་ལུའོ་པིན་དེ་གར་བཅའ་སྲུང་བྱས་ནས་ལོ་15ཏག་ཏག་འཁོར་ནས་རྫོང་གྲོང་དུ“ཨར་འདམ་གཞུང་ལམ་གཅིག་ཀྱང་མེད་པ་ནས་ད་ཆ་འཁོད་སྙོམས་ལ་རྒྱ་ཆེ་བའི་ཁྲོམ་ལམ་ཆེན་པོ་གཉིས་ཡོད་པའི་བར”གྱི་འཕེལ་རྒྱས་འགྲོ་ཚུལ་གྱི་དཔང་པོ་བྱས་ཡོད་པ་རེད།
         ལུའོ་པིན་དེ་སྔོན་ནང་སའི་འཕྲུལ་ཆས་བཟོ་པ་ཞིག་ཡིན་མོད། འོན་ཀྱང་ཤིན་བོད“ས་རྡོའི་ལམ”དུ་སྣུམ་ནག་གཞུང་ལམ་བཏིང་བ་དང་བསྟུན་ནས“ལས་ཀ་ཤོར་ལ་ཉེ་བའི”ཁོང་གིས་འཕྲུལ་འཁོར་ཉམས་གསོ་དང་། གློག་བཟོ། རྩིས་རྒྱག་འཕྲུལ་འཁོར་བཅས་སྦྱངས་པའི་ཁར་སྔོ་ཚལ་དྲོད་ཁང་གི་དྲོད་ཚད་དང་ཆུ་སྟོར་མ་ལག་ཀྱང་ཁོང་གིས་སྣེ་ཁྲིད་དེ་ཇུས་འགོད་དང་སྒྲིག་སྦྱོར་བྱེད་ཀྱི་ཡོད་པ་རེད།
         དམག་སྒར་ཙམ་མ་ཚད་ས་མཐོའི་མི་སེར་ཚོའི་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད་ཅིང་། རུ་འབྲིང་དང་པོའི་རུ་དཔོན་ཀྲང་ལུའེ་ཡིས་ལོ་བདུན་བརྒྱད་ཀྱི་གོང་དུ་རུ་ཐོག་ཏུ་དབོར་བའི་ཤིས་ཀྭ་སྤྱི་རྒྱ་གཅིག་ལ་སྒོར་60བྱས་ནས་འཚོང་གི་ཡོད། ན་ནིང་དབྱར་ཁ་སྒོར་བཅུ་གྲངས་ཁ་ཤས་བར་དམའ་རུ་ཕྱིན་འདུག་ཅེས་བརྗོད་ཀྱི་ཡོད།
          ལམ་ཐག་སྤྱི་ལེ་བཅོ་ལྔ་ཡོད་པའི་སྒར་སར་ཡོད་པའི་སྒར་ས་བཅའ་སྲུང་བྱེད་མཁན་རུ་ཆེན་ལྔ་པའི་རུ་དཔོན་རྒན་པ་སུང་ཧྲི་པིན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད་ཅིང་། 2003ལོར་ཁོང་དང་འཐབ་གྲོགས་ཀྱིས་གསུམ་བཞི་ཤང་དུ་ལམ་གཞི་བཟོ་སྐབས་སོལ་རླངས་བེད་སྤྱོད་བཏང་ཟིན་པས་སྒོར་100སྤྲད་ནས་འབྲོག་པའི་ས་ནས་སྟ་རེ་ཉོས་ཏེ་མེ་ཤིང་གཤག་རྒྱུའི་བསམ་བློ་འཁོར་བ་དང་མཐར་འབྲོག་པས་ཀུང་ཧྲེང་5ཡོད་པའི་འགྱིག་དམ་ཞིག་སྤྲད་དེ་དངུལ་མི་དགོས་པར་ཁྲའེ་ཡིའུ་སྣུམ་དགོས་ཞེས་བརྗོད་པ་རེད།
          “སྐབས་དེ་དུས་དངུལ་ཡོད་ཀྱང་བེད་སྤྱོད་གཏོང་ས་མེད་སྟབས་ཅ་དངོས་བརྗེ་རེས་བྱས་ན་གོ་ཆོད་པ་འདུག”ཅེས་སུང་ཧྲི་པིན་གྱིས་བརྗོད་ཀྱི་འདུག
         ལམ་ཐག་སྤྱི་ལེ་བཅོ་ལྔ་ཡོད་པའི་སྒར་ས་དང་ཐག་མི་རིང་བའི་གྲམ་ཐང་ཐོག་སྔོན་གཤེགས་དཔའ་བོའི་བང་སོའི་དྲན་གསོའི་རྡོ་རིང་བྱེ་རླུང་ཁྲོད་འགྱིང་ངེར་གནས་ཡོད་པ་དང་དེ་ཁུལ་དུ་གངས་ལྗོངས་ས་མཐོར་མཐའ་མཚམས་བཅའ་སྲུང་དང་རྒྱལ་སྲུང་ཨར་སྐྲུན་ཆེད་དུ་སྐུ་གཤེགས་པའི་གསར་བརྗེའི་སྔོན་གཤེགས་པ་བརྒྱ་ལྷག་ཙམ་དུར་འཇུག་བྱས་ཡོད་པ་རེད། རྡོ་རིང་མདུན་དུ་དཔོན་དམག་ཚོ་དེ་གར་བརྒྱུད་ནས་སྐྱོད་སྐབས་ཕུལ་བའི་ཨ་རག་དང་ཤིང་འབྲས་བསྒྲིགས་ནས་ཡོད་པའི་ཁར་སོ་ཕག་གསེང་དུ་ཐ་མག་ལ་མེ་སྤར་ནས་བཞག་འདུག
           དཔའ་བོའི་བང་སོ་ཁང་ནས་བྲལ་རྗེས་ལམ་སེང་ཤིན་ཅང་དུམ་བུའི་ཤིས་ཧེ་ཐེ་ཤང་ཁུ་ཏི་ཚོགས་ཆུང་དུ་འབྱོར་བ་དང་། ཐུའོ་ཅེ་ཏེ་དེ་གར་ཟ་ཁང་བཙུགས་ནས་ལོ་17ཕྱིན་ཡོད་ཅིང་། དེ་གོང་ཁོང་ཡང་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་ཁ་ལོ་བ་ཞིག་ཡིན་པ་དང་ཤིན་བོད་གཞུང་ལམ་ཤར་གཏོང་ཐུབ་ཆེད་རླངས་འཁོར་ལོ་6བཏང་ཡོད་པ་རེད།
         ཁོང་གིས་ཕྱིར་དྲན་བྱས་པར་གཞིགས་ན། ཁོང་ས་བབ་མཐོ་ཚད་སྨི་4900ཟིན་པའི་ཧེ་ཁ་ཙེ་ཏ་པན(རི་མདོ)དུ་གཞུང་ལམ་བསྐྲུན་ནས་ཟླ་གསུམ་བསྡད་པ་དང་ས་མཐོ་མི་འཕྲོད་པའི་དབང་གིས་མཆུ་ཏོ་སྐྲངས་པ་དང་ཁོང་གིས་ཉིན་གཅིག་ལ་མང་ཤོས་སུ་བྱེ་རྡོ་རླངས་འཁོར་ཐེངས་111དབོར་གྱི་ཡོད་པ་རེད།
         ཕུར་པ་ཨང་278ཙམ་ནས་རླངས་འཁོར་འགྲོ་སྐྱོད་མི་ཐུབ་པའི་ལམ་རྙིང་པ་ཞིག་མཐོང་རྒྱུ་ཡོད་ཅིང་། ཁྲང་ཤིན་དབྱིས་བརྗོད་པར་གཞིགས་ན། རི་འདབས་སུ་ཆགས་པའི་གཞུང་ལམ་གུ་དོག་པོ་དེར་རླངས་འཁོར་གཅིག་ལས་ཤར་བགྲོད་མི་ཐུབ་པ་དང་། གལ་ཏེ་རླངས་འཁོར་གཉིས་ཁ་ཐུག་འཁེལ་ཚེ་རླངས་འཁོར་གཅིག་ཤོས་དེ་རྒྱབ་ཤིག་རྒྱག་རྒྱུ་ལས་མ་འདས་པ་དང་འཁོར་ལོ་གཟུར་བའི་བར་སྡོད་དགོས་སྟབས་ཁ་ལོ་བ་རྒན་གྲས་ཚོས་རྟག་ཏུ་ཐག་རིང་ནས་དུང་བརྡ་སྒྲོག་གི་ཡོད་པ་རེད།
          ཕུར་པ་ཨང་146སྒྲོལ་ཏེ་སྨི་བརྒྱ་ལྷག་ཙམ་གྱི་སར་སླེབས་སྐབས་རུ་དཔོན་འབྲིང་བ་ཝུའེ་ཐན་གྱིས་རུ་སྣེ་ཁྲིད་ནས་ཟགས་རྡོ་གཙང་བཟོ་བྱེད་བཞིན་ཡོད་པ་དང་བདེ་འཇགས་ལས་མི་གཉིས་ཀྱིས་ལས་ཡུལ་དུ་ལྟ་སྐུལ་ཚོད་འཛིན་བྱས་ནས་ས་རྡོ་བླུགས་འཇུག་འཕྲུལ་འཁོར་དང་རྐོ་འདྲུ་འཕྲུལ་འཁོར་གཏོང་མཁན་གྱི་ཨར་ལས་བདེ་འཇགས་འགན་ལེན་བྱེད་བཞིན་འདུག ཁོང་ཚོས་སྔོན་ལ་ལམ་ཆུང་ཞིག་བཤངས་ཏེ་འཁོར་རིགས་ཤར་བགྲོད་ཐུབ་པ་བྱེད་པ་དང་དེ་ནས་རྒྱལ་ལམ་ཐོག་གི་རྡོ་ཧྲུག་གཙང་བཟོ་བྱས་ཤིང་། རྡོ་ཧྲུག་གཙང་བཟོ་ཆུ་ཚོད་7ལྷག་ཙམ་བྱས་ཀྱང་ད་དུང་ཕ་བོང་ཆེན་པོ་ཞིག་དབོར་མི་ཐུབ་པས་ཝུའེ་ཐན་གྱིས་ཕྱིར་ལོག་ནས་རྡོ་གཤག་གི་ཇུས་གཞི་ཞིབ་འཇུག་ཡག་པོ་བྱས་ནས་སླར་ཡང་ལས་ཀ་བྱེད་པ་ཡོང་རྒྱུའི་ཐག་བཅད་པ་རེད།
          རླངས་འཁོར་བཏང་ནས་ཡེ་ཁྲེང་ལ་མ་འབྱོར་གོང་གི་མཐའ་མའི་འགག་གནད་དེ་ཡིན་པའི་ཨ་ཁ་ཙེ་ཏ་པན་དུ་སླེབས་དུས་ས་རུབ་ཅིང་། ཐུར་གྱེན་གྱི་ཧེ་བག་ཆེ་བའི་ཁར་ལམ་ཀྱག་ཀྱོག་མང་བས་སྔོན་དུ་སྐྱོད་པའི་རླངས་འཁོར་དེ་དག་གི་མདུན་གྱི་གློག་སྒྲོན་དེ་ནམ་མཁའི་སྟེང་གི་སྐར་ཚོགས་ལྟར་མཆིས། ལོ་52ལ་སླེབས་པའི་རྐང་འཁོར་བཞོན་རྒྱུར་དགའ་ཞེན་ཆེ་བའི་ཧོ་ཅ་ཀྲུའུ་ཡེ་ཁྲེང་ནས་ཐོན་ཏེ་ཉིན་གཉིས་ཕྱིན་པ་དང་ན་ནིང་ཁོང་བདེ་བླག་ངང་ཁྲོན་བོད་གཞུང་ལམ་ནས་སྒྲོལ་མོད། འོན་ཀྱང་རྐང་འོག་གི་ཤིན་བོད་གཞུང་ལམ་སྒྲོལ་རྒྱུའི་ཐད་ཁོང་ལ་གདེང་ཚོད་དེ་ཙམ་མེད་པ་རེད།
          “ལམ་འབྱེད་ལམ་སྐྱོང་གི་འཐབ་འཛིང་པ་ཚོ་དང་བསྡུར་ན་ང་ཚོས་རྐང་འཁོར་བཞོན་ནས་གཞུང་ལམ་ཐོག་བསྐྱོད་རྒྱུ་དེ་ལས་སླ་པོ་རེད”ཅེས་ཧོ་ཅ་ཀྲུའུ་ཡི་བརྗོད་པ་དང་། ཁོང་ཏ་པན་དུ་ངལ་གསོ་འཁྱུག་ཙམ་བརྒྱབ་རྗེས་ཁོང་དང་རོགས་པ་ཧྥན་ཁྲང་དབྱིས་འཁོར་བཀག་གཟབ་ནན་ངང་མནན་ནས་ཐུར་དུ་བབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།