འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལང་ཚོའི་བཞུད་ལམ་ཐོག་ཁྱེད་ཀྱིས་མཉམ་རོགས་བྱེད།

    ——ཨ་ཧྥེ་རི་ཁའི་གཞོན་ནུས་ཀྲུང་གོའི་ཁེ་ལས་ལ་བརྟེན་ནས་རང་གི་ཕུགས་འདུན་སྒྲུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་06ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཁེན་ནི་ཡའི་བུ་མོ་ཞིག་གིས“དབུལ་ཕོངས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་སོང”ཞེས་བཤད་པ།
         གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་རྒྱབ་ལྗོངས་འོག་ཨ་ཧྥེ་རི་ཁའི་གཞོན་ནུ་ཚོར་ཡང་ཕུགས་འདུན་འགྲུབ་པའི་གོ་སྐབས་བྱུང་བས་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཁེ་ལས་ཁོང་ཚོའི་ཕུགས་འདུན་འགྲུབ་པའི་འདེགས་སྐྱོར་པར་གྱུར།
         ཁེན་ནི་ཡའི་བུ་མོ་ཅ་ལི་ཐི·ཨའོ་ཅི་ཝ་སྐྱེས་སའི་ཁེན་ནི་ཡའི་པུའུ་ཤིས་ཡ་ཅུན་གྱི་དབུལ་པོའི་རི་གྲོང་ཆུང་ངུ་དེ། དུས་ཡུན་རིང་པོའི་ནང་ནད་ཡམས་དང་། བཀྲེས་ལྟོགས། འཚོ་བས་དབུལ་ནས་དཀའ་ངལ་གྱི་གནས་སུ་གྱར་ཏེ་ཡུན་རིང་འཕེལ་རྒྱས་བྱུང་མེད།
         ཆུང་བྱིས་པའི་དུས་ཁོ་མོ་རྟག་ཏུ་ཨ་མ་དང་མཉམ་དུ་དཔུང་པ་ས་འོག་ཏུ་བཅུག་ནས་ཁྱིམ་མི་བདུན་གྱི་འཚོ་ཐབས་ཆེད་ལས་ཀ་བྱེད་དགོས་ཀྱི་ཡོད། ད་ཆ་ལོ་21ལ་སླེབས་པའི་ཨའོ་ཅི་ཝའི་ཡུན་རིང་བསམ་པའི་ཕུགས་འདུན་གྲུབ་ཡོད། ཁོ་མོ་ནི་ཁེན་ནི་ཡའི་ནུབ་རྒྱུད་ས་ཁུལ་ནས་བདམས་ཐོན་བྱུང་བའི་ལག་རྩལ་པ་གཅིག་པུར་གྱུར་ནས་ཀྲུང་གོའི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་རོགས་སྐྱོར་ཐོབ་སྟེ་པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་ལ་ལས་གྲྭའི་རིགས་ཀྱི་རབ་འབྱམས་པའི་སློབ་སྦྱོང་བྱེད་པར་ཕྱིན་པ་རེད།
         ཁོ་མོར་དེ་ལྟ་བུའི་ཐོད་བརྒལ་བྱུང་ནས་ལས་དབང་ལ་འགྱུར་ལྡོག་གཏོང་རོགས་བྱེད་མཁན་ནི་ཀྲུང་གོའི་ཀུང་སི་ཞིག་ཡིན།
         ཀྲུང་གོ་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས་གཉེར་བའི་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་སྐབས་དང་པོའི་ནང་། ཨའོ་ཅི་ཝ་གཞན་ལས་རྣམ་པར་རྒྱལ་ཏེ་པེ་ཅིང་ལ་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་གོ་སྐབས་ཐོབ། འགྲན་བསྡུར་དེའི་སྐོར་གླེང་སྐབས། ཨའོ་ཅི་ཝ་ཡིས“ཐག་རིང་ལུང་ཁུག་ཏུ་ངས་རང་ཉིད་ཀྱི་ནུས་པར་བརྟེན་ནས་དེ་ལྟའི་གོ་སྐབས་ཐོབ་སྟེ་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་ཐུབ་པ་དེ་བསམ་པའི་ཡུལ་ལའང་མེད”ཅེས་དགའ་སྤྲོའི་ངང་བཤད།
         ཨའོ་ཅི་ཝ་ཡིས་ཡུལ་དེའི་མི་རྣམས་ལ་མིག་དཔེ་ཞིག་བསྟན་པ་སྟེ། ཁོང་གིས་བརྒྱུད་པའི་ཉམས་མྱོང་གིས་ཁེན་ནི་ཡའི་གཞོན་ནུ་མང་པོར་ཤེས་བྱས་ལས་དབང་ལ་འགྱུར་ལྡོག་དང་ལག་རྩལ་གྱིས་མི་ཚེར་འགྱུར་ལྡོག་གཏོང་ཐུབ་པའི་ཚོར་སྣང་ཞིག་སྦྱིན་ཡོད།
         ཨེ་ཙེ་ཨོ་ཕི་ཡའི་གཞོན་པས་རྣམ་གྲངས་ལ“ཀྲུང་གོའི་མྱུར་ཚད”དགོས་ཞེས་བཤད་པ།
         འདི་ལོ་ལོ་29ལ་སླེབས་མ་ཐག་པའི་ཐ་ཏི་ཡུའུ་སེ་ནི་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་གཞུང་ལམ་ལས་གྲྭ་ཅུས་དང་པོའི་ཕྱི་རྒྱལ་གྱི་ཨ་ཧྥེ་རི་ཁ་ཤར་མའི་ཀུང་སིའི་ཨེ་ཏི་སི་ཨ་པ་པ་ཡན་ལག་ཀུང་སིའི་ལས་གྲྭ་པུའི་པུའུ་ཀྲང་དང་གཞུང་ལམ་འཆར་བཀོད་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་གཅིག་ལྕོགས་ཡིན། ཨེ་ཙེ་ཨོ་ཕི་ཡའི་གཞོན་པ་དེ་འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཀྲུང་གོའི་ཀུང་སིའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
         ཐ་ཏི་ཡུའུ་སེ་ལས་ཀར་ཐོག་མར་ཚུད་པའི་སྐབས་རྒྱུས་ལོན་པའི་དུས་ཚོད་ཅིག་བརྒྱུད་མྱོང་། དང་ཐོག་ཀུང་སི་དང་ཀྲུང་གོ་བ་དང་དེ་བཞིན་ཀྲུང་གོའི་རིག་གནས་ལ་དེ་ཙམ་རྒྱུས་མངའ་མེད་སྟབས། ཀྲུང་གོ་བ་ནི་ལས་ཀ་ནན་ཞིང་འཚོ་བ་ལོངས་སྤྱོད་བྱེད་མི་ཤེས་པའི་བསམ་རྒྱུ་ལས་ཀ་ལས་མེད་པ་ཞིག་རེད་བསམ་པ་དང་རྗེས་སུ་རྒྱུས་ལོན་གང་ཙམ་བྱུང་རྗེས་ཐ་ཏི་ཡུའུ་སེ་ཀུང་སི་དེའི་ཁོངས་གཏོགས་ས་ཆའི་འཕེལ་རྒྱས་འཐབ་ཇུས་ལ་རིམ་པས་ཡིད་དབང་འཕྲོག་པ་དང་ལྕག་སྐུལ་ཡང་ཐེབས་ནས། ཀྲུང་གོའི་མིའི་ལས་ལ་བརྩོན་ཞིང་། དམ་པ་དོན་གཉེར་དང་མཛའ་མཐུན་ལྡན་པའི་སྙིང་སྟོབས་ལ་སེམས་འགུལ་ཐེབས་པ་རེད།
         2010ལོར་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་གཞུང་ལམ་ལས་གྲྭ་ཅུས་དང་པོའི་ཕྱི་རྒྱལ་གྱི་ཨ་ཧྥེ་རི་ཁ་ཤར་མའི་ཀུང་སིར་ཨ་ཧྥེ་རི་ཁ་ཤར་མའི་མཁའ་འགྲུལ་ལྟེ་བ་ཆེ་ཤོས་འོས་དཔོད་ཐོབ་རྗེས་ཐ་ཏི་ཡུའུ་སེའི་ཚོགས་པས་ཨེ་ཏི་སི་ཨ་པ་པ་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་གི་རྒྱུག་ལམ་སྒྱུར་བཀོད་རྒྱས་སྐྲུན་རྣམ་གྲངས་ལ་མཁོ་བའི་ཨར་སྐྲུན་རི་མོ་ཟླ་བ་གསུམ་ལས་མི་འགོར་བའི“ཀྲུང་གོའི་མྱུར་ཚད”ཐོག་ནས་ཚར་བ་བྱས་ཡོད།
         ཝུ་ཀན་ཏའི་སློབ་ཆེན་སློབ་ཐོན་སློབ་མས“ང་ལ་སློབ་སྦྱོང་གི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ”ཞེས་བཤད་པ།
         2012ལོར་ལའེ་ལ་ཝུ་ཀན་ཏའི་སློབ་གྲྭ་ཆེ་མོའི་ཚོང་ལས་དོ་དམ་ཆེད་ལས་ནས་ཐོན་སྐབས་ལས་ཞུགས་བྱེད་དཀའ་བའི་དཀའ་ངལ་འཕྲད། གང་ལགས་ཤེ་ན། ཝུ་ཀན་ཏར་ལོ་ལྟར་སློབ་ཆེན་ཐོན་མཁན་སློབ་མ་ཁྲི་4ཙམ་ཡོད་ཀྱང་མི་8000ཙམ་ལ་མ་གཏོགས་ལས་ཀ་རག་གི་མེད།
         སྟབས་ལེགས་པ་ཞིག་ལ་ཝུ་ཀན་ཏའི་གཞུང་ལས་ཅུས་ཀྱི་ལས་དོན་པས་འོས་སྦྱོར་བྱས་པ་བརྒྱུད་ལའེ་ལ་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིར་བཅུག་ནས་ཝུ་ཀན་ཏའི་ཡུལ་དེའི་མི་ཤུགས་ཐོན་ཁུངས་སྡེ་ཚན་གྱི་ལས་མི་ཞིག་ཏུ་གྱུར། སྲིད་འཛིན་གྱི་ལས་གནས་དེར་ཀུང་སིས་ཡུལ་དེའི་ལས་མིར་ལས་ཀའི་ཉམས་མྱོང་ཡོད་དགོས་པའི་རེ་བ་བཏོན་མེད་པས་སློབ་ཆེན་ཐོན་པའི་སློབ་མར་ལས་ཞུགས་ཀྱི་གོ་སྐབས་ཡག་པོ་ཞིག་ཐོབ་ཡོད། “ངས་ཀྲུང་གོའི་ཀུང་སིས་སློབ་སྦྱོང་གི་གོ་སྐབས་འདི་འདྲ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ལའེ་ལས་བཤད།
         ལའེ་ལས་རང་ཉིད་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིར་ལས་ཀ་བྱེད་རྒྱུ་བྱུང་བར་སྤོབས་པ་བྱེད་བཞིན་ཡོད། ཁོ་མོས་གསར་འགོད་པར་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་ཝུ་ཀན་ཏར་ལས་ཞུགས་ལས་གནས་3800ཙམ་བཏོད་ནས་གཞུང་ལམ་དང་ཟམ་པའི་ཆེད་ལས་ལག་རྩལ་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད་ཅེས་བཤད་པ་དང་། ཁོང་གིས“ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་ཝུ་ཀན་ཏའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལེགས་སྐྱེས་ཆེན་པོ་ཕུལ་ནས་ཝུ་ཀན་ཏ་བ་སྟོང་ཕྲག་མང་པོ་ལས་ཞུགས་ཐུབ་པས་ས་གནས་དེར་ཀུང་སིའི་ཤུགས་རྐྱེན་ཆེན་པོ་ལྡན་ཡོད”ཅེས་གསར་འགོད་པར་བཤད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།