འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་གནོད་སྐྱོན་གཏོང་མི་རུང་།

    ཕྱི་འབྲེལ་པུས་རི་པིན་གྱི་བདེ་སྲུང་བཅའ་ཁྲིམས་གསར་པར་དཔྱད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རི་པིན་གྱི་བདེ་སྲུང་བཅའ་ཁྲིམས་གསར་པ་བཟོ་བའི་དམིགས་ཡུལ་ནི་ཀྲུང་གོར་ཁ་གཏད་གཅོག་པའི་ཆེད་དུ་རེད་ཅེས་བརྗོད་པའི་ལྟ་སྟངས་ལ་དམིགས་ཏེ་ཚེས་30ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་རི་པིན་གྱི་ཤོག་ཁ་འགའ་ཞིག་གིས“ཀྲུང་གོའི་འཇིགས་སྐུལ”ཟེར་བ་བཟོས་ཏེ་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་ལ་སྐུལ་འདེད་གཏོང་རྩིས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རི་པིན་ཕྱོགས་ནས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་གནོད་སྐྱོན་གཏོང་མི་རུང་ཞེས་གསུངས་པ་རེད།
         ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་རི་པིན་གྱི་བདེ་སྲུང་བཅའ་ཁྲིམས་གསར་པ་དངོས་སུ་ལག་ལེན་བསྟར་རྗེས་རི་པིན་འདི་ཉིད་ཐུན་མོང་རང་སྲུང་དབང་ཆ་སྤྱོད་ཆོག་པའི་རྒྱལ་ཁབ་ཅིག་ཏུ་གྱུར་པ་དང་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ད་དུང་རྩ་ཁྲིམས་བཟོ་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཕྱིར་བསྒྲགས་བྱས་ཡོད། ཕྱི་ཕྱོགས་ཀྱི་མི་མི་ཉུང་བ་ཞིག་གིས་དེ་ནི་ཀྲུང་གོར་ཁ་གཏད་གཅོག་པའི་ཆེད་དུ་རེད་ཅེས་བརྗོད་ཀྱི་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ལ་དཔྱད་གཏམ་སྤེལ་རྒྱུ་གང་ཞིག་སྤེལ་རྒྱུ་ཡིན་ནམ། དེ་ལས་ཀྲུང་རིའི་དབར་གྱི་འབྲེལ་བ་ཤུགས་རྐྱེན་ཐེབས་སམ་ཞེས་དྲིས་པ་རེད།
         ཧུང་ལེས་རི་པིན་གྱིས་བདེ་སྲུང་བཅའ་ཁྲིམས་གསར་པ་ལག་ལེན་བསྟར་བ་ནི་དམག་འཁྲུག་རྗེས་ཀྱི་རི་པིན་གྱི་དམག་དོན་བདེ་འཇགས་སྲིད་ཇུས་ལེགས་སྒྲིག་ཆེན་པོ་བྱས་ལས་ཕྱི་ཕྱོགས་ལ་རི་པིན་གྱིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་འགྱུར་ལྡོག་གཏོང་མིན་ཐད་དོགས་གཞི་ཆེན་པོ་བྱུང་བ། རི་པིན་རྒྱལ་ནང་དུའང་བདེ་སྲུང་བཅའ་ཁྲིམས་གསར་པར་ངོ་རྒོལ་དྲག་པོ་བྱེད་མཁན་བྱུང་ཡོད་ཅེས་གསུངས་པ་རེད།
         ཁོང་གིས་ལོ་རྒྱུས་དང་དོན་དངོས་ཀྱི་རྒྱུ་རྐྱེན་ལས་ཉེ་བའི་ལོ་ཤས་རིང་རི་པིན་རྒྱལ་ཁབ་ཀྱི་འགྲོ་ཕྱོགས་ཀྱི་གནད་དོན་ལ་དོ་ཁུར་ཆེན་པོ་བྱེད་ཅིང་། རི་པིན་གྱི་ཁྱིམ་མཚེས་དང་འཛམ་གླིང་དམག་ཆེན་གཉིས་པའི་ནང་གནོད་འཚེ་ཕོག་མཁན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ལ་ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་ཏན་ཏིག་བྱ་རྒྱུ་དང་། རི་པིན་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་བདེན་འབོད་སྒྲ་ནན་ཏན་ངང་ཉན་རྒྱུ། ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཁུར་ཆེན་པོ་བྱ་རྒྱུ། དམག་དོན་བདེ་འཇགས་ཁྱབ་ཁོངས་སུ་བྱ་སྤྱོད་སྤེལ་སྐབས་གཟབ་ནན་བྱ་རྒྱུ། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་མུ་མཐུད་བསྐྱོད་རྒྱུ་བཅས་ཀྱི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         “དེར་ནན་བཤད་བྱེད་དགོས་པ་ཞིག་ནི་རི་པིན་གྱི་ཤོག་ཁ་འགའ་ཞིག་གིས་ད་བར་དུ‘ཀྲུང་གོའི་འཇིགས་སྐུལ’ཟེར་བ་བཟོས་ཏེ་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་ལ་སྐུལ་འདེད་གཏོང་རྩིས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རི་པིན་ཕྱོགས་ལ་ཀྲུང་གོའི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་གནོད་སྐྱོན་གཏོང་མི་རུང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གནོད་པའི་བྱ་བ་སྒྲུབ་མི་རུང་བའི་བླང་བྱ་འདོན་རྒྱུ་ཡིན”ཞེས་ཁོང་གིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།