འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཅེ་ཁེའི་དབར་གྱི་འབྲེལ་བ་ཕྱིར་དྲན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་28ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཕུ་རག་ཏུ་ཕེབས་འབྱོར་བྱུང་ནས་ཅེ་ཁེར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་དེ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་67ནང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅེ་ཁེར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་ཐེངས་དང་པོ་དེ་ཡིན་པ་རེད།
         ཀྲུང་གོ་དང་ཅེ་ཁེའི་དབར་བར་ཐག་ལེ་དབར་ཁྲི་ཁྲག་ཆོད་རུང་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཅེ་ཁེ་ནི་ཀྲུང་གོ་གསར་པ་ཁས་ལེན་པ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་མཁན་གྱི་རྒྱལ་ཁབ་སྔ་ཤོས་གྲས་ཤིག་ཡིན་པ་རེད། 1949ལོའི་ཟླ་10ཚེས་6ཉིན་ཀྲུང་གོ་དང་ཅེ་ཁེ་སི་ལོ་ཧྥ་ཁེའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད། 1957ལོར་ཕྱོགས་གཉིས་པོས་ཀྲུང་ཅེའི་མཛའ་གྲོགས་ཆིངས་ཡིག་ལ་མིང་རྟགས་བཀོད་ཡོད། 1992ལོའི་ཟླ་12ཚེས་31ཉིན་ཅེ་ཁེ་སི་ལོ་ཧྥ་ཁེ་རྒྱལ་ཕྲན་མཉམ་འབྲེལ་ཐོར་ཞིག་ཏུ་སོང་ཡོད། 1993ལོའི་ཟླ་1ཚེས་1ཉིན་ཅེ་ཁེ་དེ་ཉིད་བདག་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་ཅིག་ཏུ་གྱུར་བ་དང་ཀྲུང་གོ་ཕྱོགས་ཀྱིས་འཕྲལ་མར་ཁས་ལེན་བྱས་པ་མ་ཟད། གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་འབྲེལ་བའང་བཙུགས་ཡོད། ཕྱོགས་གཉིས་པོས་1949ལོའི་ཟླ་10ཚེས་6ཉིན་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཉིན་མོར་གཏན་འཁེལ་བྱས་པ་དེ་མུ་མཐུད་སྤྱོད་རྒྱུའི་གྲོས་ཐག་བཅད་ཡོད།
         ལོ་མང་རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་རུང་། ཀྲུང་གོ་དང་ཅེ་ཁེ་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བཞིན་མུ་མཐུད་འཕེལ་རྒྱས་ཕྱིན་ཡོད། ཉེ་བའི་ལོ་ཤས་ནང་ཕྱོགས་གཉིས་པོའི་མཐོ་རིམ་ཕན་ཚུན་འཚམས་འདྲི་བྱེད་མང་བས་ཀྲུང་གོ་དང་ཅེ་ཁེའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་མཐའ་འཁྱོངས་ཐུབ་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཅེ་ཁེའི་ཙུང་ཐུང་ཙེ་མན་དབར་ཐུག་འཕྲད་ཐེངས་མང་གནང་ཡོད། 2014ལོའི་ཟླ་10པ་དང་2015ལོའི་ཟླ་9པར་ཙུང་ཐུང་ཙེ་མན་གྱིས་ཀྲུང་གོར་འཚམས་འདྲི་ཐེངས་གཉིས་བྱས་ཡོད། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་བཅས་དང་དེ་བཞིན་ཅེ་ཁེའི་ཙུང་ལི་སུའུ་པོ་ཐེ་ཁ་ཡིས་ཀྱང་ཕར་ཕྱོགས་རྒྱལ་ཁབ་ལ་འཚམས་འདྲི་གནང་མྱོང་ཡོད། མིག་སྔར་ཀྲུང་གོ་དང་ཅེ་ཁེའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་རབས་ཡག་ཤོས་སུ་སླེབས་ཡོད།
         དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་ཡོ་རོབ་མནའ་འབྲེལ་ཕུད་ཀྲུང་གོ་འདི་ཉིད་ལོ་མང་བསྟུད་མར་ཅེ་ཁེའི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དང་པོ་དེ་ཡིན་པ་དང་ཅེ་ཁེ་ནི་ཀྲུང་གོའི་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་གཉིས་པ་དེ་ཡིན་པ་རེད། རྒྱལ་ཁབ་གཉིས་པོས་དངུལ་རྩ་དང་། མཁའ་འགྲུལ། འཕྲུལ་ཆས། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་མཉམ་ལས་གྲོས་མཐུན་མང་པོ་བཞག་པས་མཉམ་ལས་ཀྱི་ཆུ་ཚད་དང་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། 2015ལོའི་ཟླ་11པར་ཅེ་ཁེ་དང་ཀྲུང་གོའི་དབར་ཐུན་མོང་ཐོག་“རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུར་སྐུལ་མ་གཏོང་བའི་སྲིད་གཞུང་དབར་གྱི་མཉམ་ལས་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་ནི་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཁྲོད་མཉམ་ལས་དེ་རིགས་ལ་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཁག་དང་པོའི་གྲས་ཤིག་ཡིན་པ་རེད། 2015ལོར་ཀྲུང་གོ་དང་ཅེ་ཁེའི་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་110ཟིན་ཡོད་པ་རེད།
         ཀྲུང་གོ་དང་ཅེ་ཁེའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཅེ་ཁེ་འདི་ཉིད་ཀྲུང་གོའི་ཡུལ་སྐོར་བས་ཡིད་སྨོན་བྱེད་པའི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ཡོད། 2015ལོར་ཅེ་ཁེར་ཡུལ་སྐོར་དུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་30ལས་བརྒལ་ནས་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད། 2015ལོའི་ཟླ་6པར་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་ཐོག་མ་དེ་ཅེ་ཁེར་སྒོ་བྱང་བཀལ་ནས་བཙུགས་པ་རེད། ཀྲུང་གོ་དང་ཅེ་ཁེའི་གློག་བརྙན་དང་བརྙན་འཕྲིན་མཉམ་ལས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད། ཀྲུང་གོ་དང་ཅེ་ཁེས་ལེའུ་25ཡོད་པའི་འགུལ་རིས་གློག་བརྙན་《དོམ་ཁྲ་དང་ཧ་རྟ་》ཞེས་པ་མཉམ་ལས་བྱས་ནས་སྒྲིག་བཟོ་བྱེད་བཞིན་ཡོད་པ་མ་ཟད་འགུལ་རིས་ཀྱི་གློག་བརྙན་མཉམ་ལས་ཀྱི་འདོད་འདུན་ཡི་གེར་མིང་རྟགས་ཀྱང་བཀོད་ཡོད། “དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་ལོ་འགའ་བསྟུད་མར་ཕུ་རག་ཏུ་གཉེར་བར་ཅེ་ཁེའི་མང་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།