འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་སྐྱིད་ལྡན་པའི་གངས་ལྗོངས་ས་མཐོ།

    ——— བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བྱེད་སྒོའི་ཟུར་བྲིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         “ཡར་ལོངས་ཤོག ཞིང་བྲན་བྱེད་འདོད་མེད་པའི་མི་རྣམས”ཞེས་པའི་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྐར་ལྔའི་དར་དམར་དལ་བུར་སྒྲེང་བའི་སྐབས་མི་སྟོང་ཕྲག་འགའ་ཙམ་གྱིས་ཀྲོང་ངེར་ལངས་ནས་གཟབ་ནན་ལྡན་ལ་གུས་བཀུར་ཆེན་པོས་ལྟ་བཞིན་མཆིས།
         ཚེས་28ཉིན། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་3000ལྷག་ཙམ་གྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཉེར་བའི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་57འཁོར་བའི་དྲན་གསོའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི”བྱེད་སྒོར་ཞུགས་ཡོད་པ་རེད།
         དཔྱིད་ཟླ་གསུམ་པའི་གངས་ལྗོངས་ས་མཐོར་ནམ་མཁའ་གཡའ་དག་ལ་མེ་ཏོག་རབ་ཏུ་བཞད་པས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་ཞིག་ངང་གིས་མངོན།
         སྔ་དྲོའི་ཆུ་ཚོད་10པར་བྱེད་སྒོ་འགོ་ཚུགས་ཤིང་། བརྗིད་ཉམས་ལྡན་པའི་རྒྱལ་དར་གཟབ་སྒྲེང་རུ་ཁག་དང་དམག་མིའི་རོལ་ཆ་རུ་ཁག་གིས་གོམ་སྟབས་སྒྲིག་པོས་སྐར་ལྔའི་དར་དམར་ཐང་ཆེན་གྱི་རྒྱལ་དར་སྒྲེང་ཁུལ་དུ་སྲུང་སྐྱེལ་བྱས།
         རྒྱལ་གླུ་གཏོང་བ་དང་རྒྱལ་དར་སྒྲེང་བའི་ཚེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་མདུན་གྱི་རྩེ་སྐོར་ལམ་དུ་ཞབས་སྐོར་ལ་འགྲོ་མཁན་ཚོས་གོམ་པ་སྤོ་མཚམས་བཞག་ནས་རྒྱལ་དར་ཕྱོགས་ལ་བལྟས་ནས་དད་གུས་མཚོན་པར་བྱས།
         བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་བྱེད་སྒོའི་ཐོག“ལོ་57གོང་གི་དུས་དེར། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་བདེ་སྐྱིད་སྲུང་སྐྱོང་བྱ་ཆེད། བོད་རྙིང་པའི་ས་གནས་སྲིད་གཞུང་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། དམངས་གཙོའི་སྒྱུར་བཅོས་ལག་བསྟར་བྱས་ནས་བོད་ཀྱི་མི་དམངས་ཚོའི་ལོ་ངོ་སྟོང་བྲན་དུ་བཀོལ་པའི་ལྕགས་སྒྲོག་ལྕི་པོ་དེ་གཏོར་ཐེངས་གཅིག་ལ་ཐལ་བའི་རྡུལ་དུ་བརླགས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་རང་སོ་སོའི་ལས་དབང་ལ་སྟངས་འཛིན་བྱེད་པ་དང་རང་ཁྱིམ་རང་བདག་གི་དུས་རབས་གསར་པ་ཞིག་བཏོད་ཡོད”ཅེས་གསུངས།
         མང་ཚོགས་3000ལྷག་ཙམ་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་བལྟས་པ་དང་དུས་མཚུངས་སུ་ལམ་ཐག་སྤྱི་ལེ་2ཙམ་ཡོད་པའི་བར་སྐོར་ཁྲོམ་གཞུང་དུའང་མི་ཚོགས་ཀྱིས་ཁེངས་ཤིང་། དད་ལྡན་མང་ཚོགས་དང་ཡུལ་སྐོར་བས་ཁོད་སྙོམས་ལ་རྒྱ་ཆེ་བའི་སྐོར་ལམ་ཐོག་སྤྲོ་འཆམ་དུ་འགྲོ་བ་དང་སྦྲགས་དྲན་རྟེན་པར་རྒྱག་བཞིན་མཆིས།
         གྲངས་གཞི་ལས་མངོན་པར་གཞིགས་ན། 2015ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244བྱུང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་གཅིག་འཕར་ནས་ལོ་13བསྟུད་མར་གྲངས་གནས་གཉིས་འཕར་བ་དང་། བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་ལོ་15ཡི་རིན་མེད་སློབ་གསོ་ལག་བསྟར་བྱས་པ་དང་། འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་སྔོན་ལ་ལག་བསྟར་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མེད་གཟུགས་པོ་བརྟག་དཔྱད་སྔོན་ལ་བྱས་པ་བཅས་ལས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སུ་ཕྱིན་ཡོད།
         བྱེད་སྒོ་མཇུག་འགྲིལ་རྗེས་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་ཁ་གྱེས་ཏེ་རང་སོ་སོའི་ལས་གནས་ཐོག་བསྐྱོད་དེ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་མུ་མཐུད་འབད་བརྩོན་བྱེད་བཞིན་མཆིས།
      

    ཕྱོགས་བསྡུས་གསར་འགྱུར།