འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་མང་ཚོགས་ཚོས་བརྗོད་དོན། “གུང་ཁྲན་ཏང་མེད་ན་བོད་ཀྱི་ཡར་རྒྱས་གོང་འཕེལ་མེད”

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་ཚུན། ‘མངའ་བདག་ཆེན་པོ་གསུམ’ལ་རྟ་ཟོག་སེམས་ཅན་ལྟར་གྱིས་ཞབས་ཞུ་བསྒྲུབས་པ་ནས་རང་ཉིད་ཀྱིས་རླངས་འཁོར་ཉོས་ཏེ་གང་དུ་སྐྱོད་རུང་སྟབས་བདེ་བྱུང་བའི་བར་དང་། སྒོ་ཕྱུགས་དང་མཉམ་ཟ་མཉམ་སྡོད་ནས་དཀར་ཆ་དོད་ལ་རྒྱ་ཆེ་བའི་ཁང་པའི་ནང་སྡོད་རྒྱུ་བྱུང་བའི་བར། ནད་ཀྱི་ནར་རུང་ཁ་ཡ་བྱེད་མཁན་མེད་པ་ནས་རིན་མེད་སྨན་བཅོས་ཐུབ་པའི་བར་བཅས་ང་ཚོའི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་པ་དེ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་བྲན་སྡེ་ཁུལ་ནས་ཡོང་བའི་ཡར་ལངས་ཞིང་བྲན་ཁྱིམ་ཚང་གི་འཐུས་མི་སྐལ་བཟང་ཕུན་ཚོགས་ཀྱིས་ཚེས་28ཉིན་འཚོགས་པའི“བོད་ཀྱི་ལས་རིགས་ཁག་དང་མི་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་57འཁོར་བར་དྲན་གསོ་ཞུ་བའི”བཞུགས་མོལ་ཚོགས་འདུའི་ཐོག་བཤད་པ་ཞིག་རེད།
         1959ལོའི་ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་མཐར་ཕྱིན་པ་བཟོ་རྒྱུའི་བཀའ་རྒྱ་ཁྱབ་བསྒྲགས་བྱས། 2009ལོའི་ཟླ་1ཚེས་19ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལོ་རེའི་ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
         “གུང་ཁྲན་ཏང་མེད་ན་ང་ཚོའི་ཁྱིམ་ཚང་མེད་ལ། ང་ཚོའི་དེ་རིང་གི་གྲུབ་འབྲས་ཀྱང་ཡོང་མི་སྲིད”ཅེས་དང་། “ང་བོད་གསར་པར་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་བ་ཞིག་ཡིན་ལ། ཏང་གི་གསོ་སྐྱོང་འོག་སློབ་གསོ་དང་གསོ་སྐྱོང་ཡག་ཤོས་ཐོབ་བྱུང་། ངའི་ཕ་མ་ཚོས་ཀྱང་ང་ཚོ་གཅེན་གཅུང་གསུམ་ལ‘སྐལ་བཟང’ཞེས་པའི་མིང་བཏགས་དགོས་དོན་ཡང་ང་ཚོ་དུས་རབས་བཟང་པོ་ཞིག་དང་ཏག་ཏག་སྐབས་འཁེལ་བ་དང་སྤྱི་ཚོགས་གསར་པའི་བདེ་སྐྱིད་ཚོར་བ་ཉམས་སུ་མྱོང་རྒྱུ་བྱུང་བས་རེད”ཅེས་ཀྲུང་གོ་གསར་པས་གསོ་སྐྱོང་བྱས་པའི་བོད་ཀྱི་གསོ་རིག་འབུམ་རམས་པ་ཐོག་མ་སྐལ་བཟང་ནོར་བུས་བརྗོད།
         ཉེ་བའི་ལོ་ཤས་རིང་། བོད་དུ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་རྒྱུན་འཛིན་དང་ཆོས་ལུགས་རིག་གནས་ལ་བརྩི་བཀུར་དང་སྲུང་སྐྱོང་གང་ལེགས་ཐོབ་ཅིང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་དཔེ་ཆའི་དགེ་རྒན་བྲག་ལོག·བསྟན་འཛིན་རྡོ་རྗེར་དེའི་ཐད་མྱོང་བ་ཟབ་མོ་ཡོད། ཁོང་གིས“ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་དགོན་སྡེར‘དྲུག་བསྐྲུན’དང‘ཡོད་པ་དགུ’སོགས་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ལག་བསྟར་བྱས་པ་དེས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཐུབ་ཡོད་ལ། གྲྭ་པ་རྣམས་ལ་རྒན་གསོ་འགན་བཅོལ་མཁོ་འདོན་བྱས་པས་ང་ཚོའི་སླད་ཕྱིན་གྱི་སེམས་ཁྲལ་རྦད་དེ་བསལ་སོང་། ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་བརྩེ་ཚོར་གྱི་འདུག་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་ཚོར་གྱི་འདུག”ཅེས་བརྗོད།
         བོད་རྙིང་པའི་མིའི་ཆ་སྙོམས་ཚེ་ཚད་ལོ་35.3ལས་མེད་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་430‰ཟིན་གྱི་ཡོད། ད་ཆ་བོད་ཀྱི་མིའི་ཆ་སྙོམས་ཚེ་ཚད་ལོ་68བར་རིང་དུ་ཕྱིན་པས་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གོང་དང་བསྡུར་ན་ལྡབ་གཅིག་ཙམ་འཕར་ཡོད་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཀྱང་21‰བར་ཆག་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།