འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཅུན་པོ་ཡིས་འདི་ལོ་གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་ལམ་ལུགས་ཕྱོགས་ཡོངས་ནས་
    དོན་འཁྱོལ་ཐུབ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་ལམ་ལུགས་འཛུགས་དགོས་ཞེས་བཏོན་ཡོད། ཚེས་13ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་གནང་མཁན་འགན་བཅོལ་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་ཞི་ཤང་ཅུན་པོ“པུའུ་ཀྲང་འབྲེལ་ལམ”ནས་སྐྱོད་སྐབས་འགན་བཅོལ་ལྟ་སྐུལ་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནོད་འཚེ་ཚབས་ཆེན་ཐད་ཀྱི་་ཁྲིམས་འཛུགས་དང་། ཚོད་ལྟའི་ཁུལ་རྒྱ་བསྐྱེད། རྨང་གཞིའི་འཛུགས་སྐྲུན་སོགས་ཐད་ཤུགས་སྣོན་བརྒྱབ་ནས་གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཐོག་དེས་རྒྱལ་ཁབ་ཀྱི་གནོད་འཚེ་རོགས་སྐྱོབ་མ་ལག་ཁྲོད་ཐོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
         ཤང་ཅུན་པོ་ཡིས་ཀྲུང་གོ་ནི་འཛམ་གླིང་ཐོག་རང་བྱུང་གནོད་འཚེ་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞིང་། རང་རྒྱལ་གྱི་གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་འཕེལ་རྒྱས་དེ་རྒྱལ་སྤྱིའི་ཐོག་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་འགན་བཅོལ་ཁྲོམ་ར་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད་པ་དཔེར་ན། འགན་བཅོལ་སྐྱིན་གསབ་ཀྱིས་གནོད་འཚེ་ཚབས་ཆེན་གྱི་གྱོང་གུན་ཁྲོད་བཟུང་བའི་བསྡུར་ཚད་ཅུང་དམའ་བ་དང་། 2008ལོར་ཝུན་ཁྲོན་ས་ཡོམ་གེགས་ཁུལ་ལ་ཐོབ་པའི་འགན་བཅོལ་ལས་རིགས་ཀྱི་སྐྱིན་གསབ་ཀྱིས་ཐད་ཀའི་དཔལ་འབྱོར་གྱོང་གུན་གྱི་0.2%ལས་བཟུང་མེད་པ་དེ་ཕྱི་རྒྱལ་གྱི་30%ནས་40%བར་གྱི་ཆ་སྙོམས་སྐྱིན་གསབ་ཆུ་ཚད་ལས་ཆེས་ཆེར་དམའ་བ་ཡོད་པ་དཔེར་ན། ཨ་རིའི“9·11”དོན་རྐྱེན་ཁྲོད་གནོད་འཚེ་ཕོག་པའི་མིར་སྐྱིན་གསབ་རག་པའི་མ་དངུལ་ཁྲོད་འགན་བཅོལ་ཀུང་སིས་51%སྤྲད་པ་དང་། སྲིད་གཞུང་གིས་42%སྤྲད་པ། དེ་མིན་གྱི་7%དགེ་སྒྲུབ་ཚོགས་པས་ཞལ་འདེབས་བརྒྱབ་པ་ཞིག་རེད། ཡིན་ནའང་རང་རྒྱལ་དུ་མིག་སྔར་གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་འོས་འགན་གཙོ་བོ་སྲིད་གཞུང་གིས་འཁུར་གྱི་ཡོད་པས་ནོར་སྲིད་ཀྱི་ཁུར་པོ་ལྕི་པོ་ཡོད་ཅེས་གསུངས་པ་རེད།
         ཤང་ཅུན་པོ་ཡིས་མིག་སྔར་《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་གི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་ལམ་ལུགས་ལག་བསྟར་ཇུས་གཞིར་》རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལག་བསྟར་བྱ་རྒྱུར་ཆོག་མཆན་གནང་བ་དེས་གོམ་སྟབས་རྗེས་མའི་གནོད་འཚེ་ཚབས་ཆེན་གྱི་རོགས་སྐྱོབ་ལ་རྨང་གཞི་བཏིང་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།