འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་དང་ཡོ་རོབ་ཀྱིས་སྐར་མ་མིག་དམར་གྱི་བརྟག་ཞིབ་ཚད་ལེན་ཡོ་བྱད་མཉམ་འབྲེལ་
    ཐོག་འཕེན་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་སྒྲིག་གཞི་དང་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པའི་སྐར་མ་མིག་དམར་གྱི“ཚད་ཉུང་རླངས་གཟུགས་འཁོར་ལམ་ཡོ་བྱད”དེ་ཚེས་14ཉིན་ཧ་སག་སི་ཐན་མངའ་ཁོངས་ནང་གི་པའེ་ཁོ་ནུའར་འཕེན་གཏོང་བྱ་ཡུལ་ནས་བར་སྣང་དུ་བདེ་བླག་ངང་འཕེན་གཏོང་བྱས་པ་རེད། ཨུ་རུ་སུ་དང་ཡོ་རོབ་ཀྱིས“སྐར་མ་མིག་དམར་གྱི་བར་སྣང་སྐྱེ་དངོས”(ExoMars)རྣམ་གྲངས་ལ་བརྟེན་ནས་སྐར་མ་མིག་དམར་གྱི་རླུང་ཁམས་གྲུབ་ཆར་ཐུན་མོང་ཐོག་དབྱེ་ཞིབ་བྱས་ཏེ་སྐར་མ་མིག་དམར་ཐོག་ཚེ་སྲོག་གནས་མིན་གྱི་དཔང་རྟགས་འཚོལ་ཞིབ་བྱ་རྒྱུ་རེད།
         ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་ཚོགས་པ་ཀུང་སིས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། སྐར་མ་མིག་དམར་གྱི“ཚད་ཉུང་རླངས་གཟུགས་འཁོར་ལམ་ཡོ་བྱད”བླུགས་པའི“རྒྱུ་རྡུལ་—M”སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་མོ་སི་ཁོའི་དུས་ཚོད་ཆུ་ཚོད་12དང་སྐར་མ་31(པེ་ཅིང་གི་དུས་ཚོད་ཆུ་ཚོད་17དང་སྐར་མ་31)ཐོག་བར་སྣང་དུ་འཕེན་གཏོང་བྱས་པ་དང་སྐར་མ་བཅུ་ཙམ་གྱི་རྗེས་སུ་འཁོར་ལམ་ཡོ་བྱད་དེ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རིམ་པ་གསུམ་པ་དང་ཁ་བྲལ་བ་རེད། ཚོད་རྩིས་བྱས་ན་སྤྱི་ལེ་དུང་ཕྱུར་4.96འཕུར་སྐྱོད་བརྒྱུད“ཚད་ཉུང་རླངས་གཟུགས་འཁོར་ལམ་ཡོ་བྱད”དེ་འདི་ལོའི་ཟླ་10ཚེས་19ཉིན་སྐར་མ་མིག་དམར་གྱི་འགྲམ་དུ་འབྱོར་རྒྱུ་རེད།
         བརྟག་ཞིབ་ཚད་ལེན་ཡོ་བྱད་དེའི་ལས་འགན་གཙོ་བོ་ནི་སྐར་མ་མིག་དམར་ལ་པར་བརྒྱབ་ནས་དེའི་རླུང་ཁམས་གྲུབ་ཆར་དབྱེ་ཞིབ་བྱས་ཏེ་ས་ངོས་ལ་གཞོགས་འདེགས་བྱས་ནས་སྐར་མ་མིག་དམར་གྱི་ས་རྒྱུའི་ཕྱི་ངོས་ཀྱི་ཆུ་འཁྱགས་འདུས་ཚད་ལ་དབྱེ་ཞིབ་དང་སྐར་མ་མིག་དམར་ཐང་འབབ་ལག་རྩལ་ཁ་ཤས་ཀྱི་བྱེད་འཐུས་རང་བཞིན་ལ་ཞིབ་དཔྱད་ར་སྤྲོད་བྱས་ཏེ་ཨུ་རུ་སུ་དང་ཡོ་རོབ་ལ་གོམ་སྟབས་རྗེས་མར་སྐར་མ་མིག་དམར་ཐང་འབབ་རྟོག་ཞིབ་ཆེད་གཞི་གྲངས་བསྡུ་རུབ་བྱ་རྒྱུ་རེད། སྐར་མ་མིག་དམར་གྱི་རླུང་ཁམས་ལ་བརྟག་ཞིབ་ཚད་ལེན་བྱེད་སྐབས་རིགས་གཅིག་མཁས་ཅན་ཚོས་སྐར་མ་མིག་དམར་གྱི་རླུང་ཁམས་ཁྲོད་སྐྱེ་དངོས་ཕྲ་རབ་གནས་སྲིད་པའི་ཀ་ཝན་དང་རླངས་གཟུགས་གཞན་གཙོ་གནད་ཐོག་འཚོལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།