འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་རིགས་གཅིག་མཁས་ཅན་གྱིས་ཨ་རིར་ཐོན་
    པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཚབས་ཆེན་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་ཏེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ནས་ཨ་རིར་ཐོན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཚབས་ཆེན་གསལ་བཤད་བྱེད་དུ་བཅུག་པ་རེད།
         ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་གྱི་བློ་འདྲི་བ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་མཚན་སྙན་རིག་གཞུང་ཚན་ཁག་གི་ཨུ་ཡོན་ལིའུ་ཧའེ་ཉན་གྱིས་1990ལོ་ནས་བཟུང་ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་དེ་རང་ཉིད་ཀྱིས་རྒྱལ་ཁབ་གཞན་དག་ལ་སྐྱོན་བརྗོད་བྱེད་པའི་རྟེན་གཞི་ཞིག་ཏུ་བྱས་ཏེ“ཀྲུང་གོར་ངོ་རྒོལ་བྱེད་པའི་གྲོས་གཞི”ཐེངས་11བཏོན་པར་མཐར་ཚང་མ་འགྲུབ་ཐུབ་མེད། 2006ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་དེ་སྔའི་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ཏེ་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་འཛུགས་རྒྱུའི་གྲོས་ཐག་བཅད་པའི་དམིགས་ཡུལ་ནི་དེ་སྔའི་རྒྱལ་ཁབ་ཕན་ཚུན་ཁ་གཏད་དུ་ལངས་པའི་རྣམ་པར་འགྱུར་ལྡོག་བཏང་སྟེ་རྒྱལ་ཁབ་ཁག་དབར་འགྲོ་བ་མིའི་ཐོབ་ཐང་ཐད་མཉམ་ལས་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད་རེད་ཅེས་བཤད་པ་རེད།
         “འདི་ལོ་ནི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་ཞིང་། ཨ་རིས་ད་ཐེངས་རྒྱལ་ཁབ་ཉུང་ཤས་ཤིག་བསྡུ་རུབ་བྱས་ཏེ་གསལ་བསྒྲགས་སྤེལ་ནས་ཁ་གཏད་དུ་ལངས་དོན་ནི་རང་རྒྱལ་ཁབ་ཀྱི་ཁེ་ཕན་དང་མུ་མཐུད་འཛམ་གླིང་ཧམ་འཛིན་བྱེད་པའི་ཧམ་སེམས་མངོན་འགྱུར་བྱ་ཆེད་ཡིན། ཨ་རིས་འགྲོ་བ་མིའི་ཐོབ་ཐང་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་ཡོ་བྱད་དང་མུ་མཐུད་འཛམ་གླིང་ཧམ་བཟུང་བྱེད་པའི་ཐད་སྤྱོད་པའི་བྱ་ཐབས་ཀྱི་གྲས་ཤིག་ཏུ་བརྩི་བ་དེ་ནི་རྒྱལ་ཁབ་དེའི་ཕྱི་འབྲེལ་འཐབ་ཇུས་ཐད་ཀྱི‘རྒོལ་ཐབས་ཀྱིས་སྲུང་ཐབས་བྱེད་པའི’མཚོན་ཚུལ་ཞིག་རེད”ཅེས་ལིའུ་ཧའེ་ཉན་གྱིས་བཤད།
         “དོན་དངོས་ཐོག་ཨ་རི་རང་ཉིད་ལའང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཚབས་ཆེན་ལྡན་ཡོད་པ་དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་གཅིག་གྱུར་ཐོག་ངོས་འཛིན་བྱེད་པ་ཞིག་ཡིན་ལ་ཨ་རིའི་རྒྱལ་ནང་གི་མི་མང་པོ་ཞིག་གིས་ཀྱང་ངོས་ལེན་བྱེད་པ་ཞིག་ཀྱང་རེད”ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་གྱི་ལས་འཛིན་པ་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཡུན་ལུང་གིས་དཔེ་དྲངས་ནས་གསལ་བཤད་བྱས་པ་དཔེར་ན། ཨ་རིའི་རྒྱལ་ནང་དུ་ལོ་ལྟར་མེ་མདའ་རྒྱག་པའི་དོན་རྐྱེན་འབོར་ཆེན་ཐོན་གྱི་ཡོད་པ་དང་མེ་མདའ་བཀག་སྡོམ་མི་བྱེད་པའི་གནད་དོན་དེ་ལས་ཨ་རིའི་སྤྱི་དམངས་ཀྱི་ལུས་སྲོག་དང་མི་ལུས་བདེ་འཇགས་ཀྱི་ཁེ་དབང་ཐད་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད། གཞན་ཡང་དཔེར་ན། ཨ་རིའི་སྤྱི་ཚོགས་ཐོག་རིགས་རྒྱུད་ཐ་དད་ལ་མཐོང་ཆུང་བྱེད་པའི་གནད་དོན་ཚབས་ཆེན་ལྷག་ཡོད་པ་དང་ཞིབ་བཤེར་བྱས་འབྲས་ལས་མངོན་པར། རིགས་རྒྱུད་ཨ་ཧྥེ་རི་ཁ་ནས་ཡིན་པའི་ཨ་རི་བ་ལས་ཀ་ཤོར་ཚད་དེ་མི་རྒྱུད་དཀར་པོའི་ལྡབ་2ཡན་ཡིན་པ་དང་། རིགས་རྒྱུད་ཨ་ཧྥེ་རི་ཁ་ནས་ཡིན་པའི་ཨ་རི་བ་དབུལ་པོ་ཡིན་ཚད་མི་རྒྱུད་དཀར་པོའི་ལྡབ་2ཡིན་པ། མི་རྒྱུད་དཀར་པོར་དབང་བའི་རྒྱུ་ནོར་དེ་རིགས་རྒྱུད་ཨ་ཧྥེ་རི་ཁ་ནས་ཡིན་པའི་མི་འབོར་གྱི་ལྡབ་12ཡིན་པ་རེད། ཨ་རིའི་ཉེན་རྟོག་པས་ཁྲིམས་འཛིན་བརྒྱུད་རིམ་ཁྲོད་རིགས་རྒྱུད་ཐ་དད་ལ་མཐོང་ཆུང་བྱེད་པའི་གནད་དོན་ཚབས་ཆེན་ལྡན་ཡོད། 《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར་》ཐོག་བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོར་ཨ་རིའི་ཉེན་རྟོག་པས་བསྡོམས་མི་ཆིག་སྟོང་ཙམ་མེ་མདའ་བརྒྱབ་ནས་བསད་པར་རིགས་རྒྱུད་ཨ་ཧྥེ་རི་ཁ་ནས་ཡིན་པའི་གཞོན་ནུ་མང་པོ་ཞིག་ཉེན་རྟོག་པའི་གཏུམ་སྤྱོད་ཁྲིམས་འཛིན་གྱི་གནོད་འཚེ་ཕོག་མཁན་དུ་གྱུར་ཡོད་པ་རེད།
         ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་གྱི་ལས་འཛིན་པ་ནན་ཁའེ་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲང་ཅན་གྱིས་ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་བཙུགས་ཚུན་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཚད་མི་འདྲ་བའི་ངང་ལེགས་སུ་ཕྱིན་མོད། འོན་ཀྱང་ཨ་རིར་བལྟས་ན་ཕྱོགས་མང་པོའི་ཐད་ལེགས་སུ་ཕྱིན་མེད་པའི་ཁར་ཐ་ན་ཕྱོགས་འགའ་ཞིག་ཐད་རྒྱུན་མཐུད་ངང་སྡུག་ཏུ་ཕྱིན་ཡོད་པའི་ངོས་འཛིན་བྱས་ཤིང་། དཔེར་ན། བུད་མེད་ཀྱི་ཁེ་དབང་ཐད་ལོ་མང་པོ་རྒྱུན་མཐུད་བྱས་པའི་གྲངས་གཞི་ལས་མངོན་པར། ཨ་རིའི་སྐྱེས་པ་དང་བུད་མེད་ཀྱི་གླ་ཕོགས་ཡོང་འབབ་ཧེ་བག་ཆེན་པོ་ཡོད་པ་དང་། སྨན་བཅོས་འགན་ལེན་ཐད་ཨ་རི་ལྟ་བུའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་མི་ཁྲི་3300ལ་སྔར་བཞིན་སྨན་བཅོས་འགན་བཅོལ་ཁྱབ་མེད་པ་དང་ཨ་རི་དེ་ཉིད་ཁྲིམས་བཙུགས་ཏེ་བུད་མེད་གླ་ཆ་ཡོད་བཞིན་བུ་བཙའི་ངལ་གསོ་རྒྱག་རྒྱུ་གཏན་འབེབས་གསལ་པོ་བྱས་མེད་པའི་བཟོ་ལས་ཅན་གྱི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ། བྱིས་པའི་ཁེ་དབང་ཐད་ཨ་རི་དེ་ཉིད་འཛམ་གླིང་ཐོག་བྱིས་པའི་ཁེ་དབང་སྤྱི་ཆིངས་ལ་ཆོག་མཆན་བཀོད་མེད་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ། ཆབ་སྲིད་ཁེ་དབང་ཐད་དངུལ་ལོར་གྱིས་ཨ་རིའི་འདེམས་བསྐོ་སྟངས་འཛིན་བྱེད་པའི་གནད་དོན་ཚབས་ཇེ་ཆེར་སོང་བ་དང་ཨ་རིའི་ཙུང་ཐུང་ཟུར་པ་ཁ་ཐེ་ཡིས་ཨ་རི་དེ་ཉིད་ཆབ་སྲིད་ཐད་ཞལ་འདེབས་རྒྱག་མཁན་གཙོ་བོར་ཕན་བདེ་བསྐྲུན་པའི་ཡོ་བྱད་དུ་གྱུར་ཡོད་ཅེས་བཤད་པ། ཨ་རིས་དུས་ད་ལྟའང་བཙོན་པར་མནར་གཅོད་བཏང་བ་ལས་མིང་ངན་ཡོངས་སུ་ཁྱབ་པའི་ཀོན་ཐ་ན་མོ་བཙོན་ཁང་སྒོ་བརྒྱབ་མེད་པ་བཅས་རེད།
         འགྲོ་བ་མིའི་ཐོབ་ཐང་འགན་ལེན་ཐད་འགན་ལེན་དེ་བས་ལེགས་པ་ལས་འགན་ལེན་ཡག་ཤོས་ཟེར་བ་མེད། ཁྲང་ཅན་གྱིས་མིག་སྔའི་འཛམ་གླིང་ཐོག་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་འཐབ་ཇུས་མི་འདྲ་བ་གཉིས་ཡོད། “ཀྲུང་གོས་ཀྲུང་ཨ་དང་། ཀྲུང་གོ་དང་ཡོ་རོབ་དབར་སོགས་འགྲོ་བ་མིའི་ཐོབ་ཐང་ཐད་སྐད་ཆ་ཤོད་རེས་བྱེད་པའི་ལམ་སྲོལ་བརྒྱུད་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་དཔྱད་བསྡུར་བྱེད་པ་ལས་སུའང་སུའི་དགེ་རྒན་མིན་ལུགས་དར་སྤེལ་གཏོང་གི་ཡོད། བྱ་ཐབས་དེ་རིགས་ལས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད། དེས་ན་ཨ་རིས་ཁ་གཏད་རང་བཞིན་དང་། གདམ་གའི་རང་བཞིན། ཆབ་སྲིད་རང་བཞིན་བཅས་ཆེ་བའི་བྱ་ཐབས་སྤྱོད་པ་དེ་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་བའི་ཐད་ཀྱི་ཉེན་ཁ་ཧ་ཅང་ཆེ་བའི་བརྡ་རྟགས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
         “རྒྱལ་སྤྱིའི་གནད་དོན་ཐད་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཞི་བདེའི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་གི་ཡོད། ཨ་རིའི་ཁ་གཏད་རང་བཞིན་དང་ཆབ་སྲིད་ཅན་གྱི་བྱེད་ཐབས་དེ་རིགས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་རྒྱབ་འགལ་དུ་སོང་བའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་གྱི་ལས་འཛིན་པ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ལིའུ་ཝུན་ཧྭ་ཡིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།