འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི“ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་ལག་པར་ནས་ལྟ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་སྐོར་གླེང་སྐབས་ཁྱེད་ཀྱི་སེམས་ལ་གང་ཞིག་འཁོར་རམ། ཤོག་གྲངས་མང་པོ་ཡོད་པའི་ཡིག་ཆའམ་ཡང་ན་བརྙན་འཕྲིན་ནང་ཐད་ཀར་བསྟན་པའི་སྙན་སྒྲོན་གནང་བའི་སྒམ་ནན་ཆེ་བའི་ཚོགས་ར་ཡིན་ནམ། དེ་ག་རང་རེད། ཡིན་ནའང་འདི་ལོའི“ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་ལྟ་ཀློག་བྱེད་སྟངས་ལ“འགྱུར་ལྡོག”ཕྲན་བུ་བྱུང་ཡོད།
         “‘ཆེས་མཐོའི་ཁང་གཉིས’ཀྱི་སྙན་སྒྲོན་གྱི་མཐའ་མཇུག་ཏུ་ལག་པར་གྱི་རྩ་གཉིས་རྟགས་རིས་བཀོད་པ་ལས་ང་ལ་སྙིང་ཉེ་བའི་ཚོར་སྣང་ཞིག་བྱུང་ལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ད་ཆ‘མཐོ་དྲགས་ནས་རེག་མི་ཐུབ་པ’ཞིག་མིན་པའི་ཚོར་སྣང་ཡང་བྱུང” ཚེས་13ཉིན་གྱི་སྔ་དྲོ“ཆེས་མཐོ་གཉིས”ཀྱི་སྙན་སྒྲོན་གསན་གྲུབ་མ་ཐག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་དེ་མུར་ལག་ཐོགས་ཁར་པར་བཏོན་ཏེ“ཆེས་མཐོ་གཉིས”ཀྱི་ལས་དོན་སྐོར་གྱི་གནས་ཚུལ་སྔར་བས་མང་བ་ཤེས་རྟོགས་གནང་བ་རེད།
         ཚོགས་ཁང་གི་ངལ་གསོ་ཁུལ་དུ་གསར་འགོད་པས་སྐལ་བཟང་སྒྲོལ་དཀར་ཕུད། ད་དུང་འཐུས་མི་མི་ཉུང་བ་ཞིག་གིས་ལག་ཐོགས་ཁ་པར་བཏོན་ནས“སྙན་སྒྲོན”ལྟ་བ་དང་། “བརྙན་ལམ”ཞིབ་ལྟ། “རེའུ་མིག”ལྟ་ཀློག་བཅས་གནང་བ་མཐོང་བྱུང་།
         དེ་ནི་འདི་ལོའི“ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་ལྟ་ཀློག་བྱེད་སྟངས་གསར་པ་ཞིག་རེད།
         “སྙན་སྒྲོན་ནི་ཤོག་ཐོག་ཏུ་པར་བཏབ་པ་ཙམ་ཡིན་མོད། འོན་་ཀྱང་སྙན་སྒྲོན་ཐོག་གི་ལག་པར་གྱི་རྩ་གཉིས་རྟགས་རིས་བཤར་འབེབས་བྱས་རྗེས་སྙན་སྒྲོན‘འགུལ’བ་དང་སྦྲགས་མཐོང་རྒྱུའང་འདུག འཐུས་མི་ཚོས་གྲོས་ཞིབ་བྱེད་རིང་སྟབས་བདེ་པོ་བྱུང་སོང”ཆེས་མཐོའི་མི་དམངས་ཁྲིམས་ཁང་གསར་འགྱུར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“དྲ་སྦྲེལ་+”དུས་རབས་ཀྱི་བླང་བྱ་དང་འཚམ་པར་བྱ་ཆེད། འདི་ལོ་ཆེས་མཐོའི་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ནང་ལག་པར་གྱི་རྩ་གཉིས་རྟགས་རིས་ཁྱོན་8བཀོད་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         “ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་གྱི་ཡིད་དབང་འཕྲོག་ཤུགས་ཐད་ཀྱི་གསར་གཏོད་དེ་གཅིག་པུ་མིན་པར། འདི་ལོ་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་དངོས་གཞིར་ཤོག་ལྷེ་18དང་ཤོག་ལྷེ་20སོ་སོར་ཡོད་པ་མ་ཟད། ད་དུང་ཞར་བྱུང་ཁྲོད་རེའུ་མིག་དང་རི་མོ་བཀོད་པའི་ཤོག་ལྷེ་7དང་ཤོག་ལྷེ་19སོ་སོར་ཡོད། སྙན་སྒྲོན་གྱི་ཤོག་གྲངས་མང་དུ་སོང་ནའང་ཆེད་ལས་རང་བཞིན་ཅུང་ཆེ་བའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ལས་དོན་སྐོར་གྱི་ནང་དོན་དེ་བས་ལྟ་བདེ་བ་དང་གོ་བདེ་བ་བྱུང་ཡོད་པ་རེད།
         “ད་ལྟ་ང་ཚོའི་གྲོང་ཚོར་དྲ་རྒྱ་ཤར་གཏོང་ཐུབ་ཡོད་པས། 70%ཡན་གྱི་གྲོང་མིས་སྐད་འཕྲིན་གཏོང་རེས་བྱེད་ཀྱི་འདུག” རྩ་གཉིས་རྟགས་རིས་བཤར་འབེབས་བསྟུད་མར་ཐེངས་འགའ་བྱས་རྗེས་སྐལ་བཟང་སྒྲོལ་དཀར་གྱིས“དེ་དངོས་འབྲེལ་སྟབས་བདེ་པོ་འདུག དུད་སྣེ་དང་སྐད་འཕྲིན་ཨང་རྟགས་བསྣན་ན་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ཆ་འཕྲིན་ཤེས་རྟོགས་བྱེད་སྐབས་ཧ་ཅང་སྟབས་བདེ་པོ་འདུག ཕྱིར་ལོག་རྗེས་གནས་ཚུལ་དེ་ངས་ཚང་མར་ཤོད་ཀྱི་ཡིན”ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།