འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་རི་པིན་གྱིས“འདོད་སྐོང་མར”འཛིན་པའི་
    རྣམ་འགྱུར་སོགས་ལ་གྲོས་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་16ཉིན་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ལ་འཛིན་པའི་མཐོང་ཆུང་སེལ་བའི་ཨུ་ལྷན་གྱིས་རེ་ནེ་ཝར་རི་པིན་གྱིས་ལག་བསྟར་བྱས་པའི་《བུད་མེད་ལ་འཛིན་པའི་རྣམ་པ་གང་རུང་གི་མཐོང་ཆུང་སེལ་བའི་སྤྱི་ཆིངས་》ཀྱི་ཐེངས་བདུན་པ་དང་བརྒྱད་པའི་ཟླ་སྒྲིལ་སྙན་ཞུར་གྲོས་ཞིབ་བྱས་པ་རེད།
         རི་པིན་སྲིད་གཞུང་དང་སྤྱི་ཚོགས་ཀྱིས“འདོད་སྐོང་མའི”གནད་དོན་ལ་འཛིན་པའི་རྣམ་འགྱུར་དང་དེ་བཞིན་བུད་མེད་ལ་བཙན་གཡེམ་བྱས་པའི་འབྲེལ་ཡོད་བརྙན་ལམ་རོལ་རྩེད་དང་རི་མོ་དང་། ཁྲིམས་འགལ་ངང་བུད་མེད་ལས་ཀ་ནས་ཕྱིར་འབུད་བྱེད་པ། ལས་ཀ་བྱ་ཡུལ་དུ་ཆགས་སྲེད་ཀྱི་སྙད་བརྐོ་བ། ཕོ་མོའི་རྒན་གསོའི་དངུལ་གྲངས་ཐད་ཧེ་བག་ཡོད་པ། བུད་མེད་བགྲེས་སོང་དབུལ་པོར་གྱུར་པའི་གནད་དོན་སོགས་ད་ཐེངས་གྲོས་ཞིབ་ནང་དོ་སྣང་ཆེ་ཤོས་སུ་གྱུར་ཡོད།
         རི་པིན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུའི་ནང“འདས་ཟིན་པའི་དུས་སྐབས་ཤིག་རིང”རི་པིན་གྱིས་རྒྱལ་ཁབ་མང་པོའི་མི་དམངས་དང་ལྷག་པར་དུ་ཨེ་ཤེ་ཡའི་མི་དམངས་ལ་གྱོང་གུན་དང་སྡུག་བསྔལ་ཆེན་པོ་བཟོས་པ་ཁས་བླངས་ཡོད། རི་པིན་གྱི་དབུ་བཞུགས་བློན་ཆེན་སྐབས་ཐོག་ཁ་ཤས་ཀྱིས་ཀྱང“འདོད་སྐོང་མས”མྱངས་པའི་དཀའ་སྡུག་དང་བར་ཆད་ནི་ཡིད་ཤིན་ཏུ་སྐྱོ་བ་ཞིག་ཡིན་ཞེས་ཐེངས་མང་བཤད་ཡོད།
         འོན་ཀྱང་ཚོགས་ཞུགས་འཐུས་མི་དང་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་རི་པིན་སྲིད་གཞུང་གི་དྲང་སེམས་དང་རྣམ་འགྱུར་ལ་དོགས་པ་ཡོད་ལུགས་བཏོན་ཐོག་རི་པིན་སྲིད་གཞུང་གིས“འདོད་སྐོང་མའི”གནད་དོན་ཐད་ཀྱི་ཁྲིམས་ལུགས་འགན་འཁྲིའི་ཐོག་སྐད་ཆ་གསལ་པོ་མི་ཤོད་པ་དང་ལོ་རྒྱུས་ཀྱི་དོན་དངོས་དེ་སློབ་གཞིའི་དེབ་ནང་འབྲི་བའི་གནད་དོན་ཐད་ཐབས་བརྒྱ་ཇུས་སྟོང་གིས་གཡོལ་ཐབས་བྱེད་པ་དེས་རི་པིན་གྱིས་བུད་མེད་ཀྱི་གཞི་རྩའི་དབང་ཆ་དང་འབྲེལ་བའི་གནད་དོན་ཐད་དངོས་འབྲེལ་གནོང་འགྱོད་བྱེད་མིན་དང་བསླབ་བྱ་ལེན་ཐུབ་མིན་ལ་དོགས་པ་སྐྱེ་དགོས་པ་ཞིག་ཡོད་པའི་ངོས་འཛིན་བྱས་ཡོད།
         དེ་གོང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཨུ་ལྷན་གྱིས་ཀྱང་རི་པིན་གྱིས“འདོད་སྐོང་མའི”གནད་དོན་གྱི་རྙེད་ཟིན་པའི་འབྲེལ་ཡོད་དཔང་རྟགས་ཚང་མ་ཁྱབ་བསྒྲགས་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ལ་རི་པིན་གྱིས“འདོད་སྐོང་མའི”གནད་དོན་རང་ཚུགས་དང་། ནུས་ལྡན། གཞུང་དྲང་བཅས་ཀྱི་ཐོག་ནས་བརྟག་དཔྱད་བྱེད་དགོས་པ་དང་། སློབ་མ་དང་སྤྱི་དམངས་ལ“འདོད་སྐོང་མ”དང་འབྲེལ་བའི་ཆ་འཕྲིན་ཚང་མ་ཤོད་དགོས་པ། ལོ་རྒྱུས་ཀྱི་དོན་དངོས་དེ་སློབ་གཞིའི་དེབ་ནང་བྲིས་ནས་འགན་འཁྲི་དངོས་སུ་ཁུར་དགོས་པ། “འདོད་སྐོང་མར”དམའ་འབེབས་གཏོང་བའམ་ཡང་ན་ལོ་རྒྱུས་ཀྱི་དོན་དངོས་དེ་ཁས་མི་ལེན་པའི་ལྐོག་གཡོ་མཐའ་དག་ལ་རྒོལ་གཏམ་སྒྲོག་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། འོན་ཀྱང་རི་པིན་སྲིད་གཞུང་དང་དམངས་ཁྲོད་ཀྱི་གཡས་རུའི་ཚོགས་སྤྱིས་རྒྱལ་ནང་གི་གཞུང་དྲང་མཁས་དབང་ལ་འགོག་གནོན་བྱེད་པ་མ་ཟད། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་རི་དམག་གིས“འདོད་སྐོང་མ”བཙན་བསྡུ་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་རྒྱུན་ཆད་མེད་པར་འཁྱོག་བཤད་བྱེད་པ་དང་ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྙན་ཞུ་དང་ཨ་རི་སོགས་རྒྱལ་ཁབ་གཞན་དག་གི་ལོ་རྒྱུས་སློབ་གཞིའི་དེབ་ནང་གི་འབྲེལ་ཡོད་ནང་དོན་ལའང་ཐེ་ཇུས་བྱེད་ཀྱི་ཡོད།
         སླད་ཕྱིན་གྱི་གཟའ་འཁོར་གཉིས་ནང་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ལ་འཛིན་པའི་མཐོང་ཆུང་སེལ་བའི་ཨུ་ལྷན་གྱིས་འཁྱག་གླིང་དང་། སུའེ་ཏེན། མོང་གོལ། ཅེ་ཁེ། ཝ་ནུ་ཨ་ཐུ། ཧེ་ཐེ། ཐན་ཙན་ནི་ཡ་སོགས་རྒྱལ་ཁབ་ཀྱི་བུད་མེད་དབང་ཆའི་སྐོར་གྱི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་དང་སྔོན་དཔག་བྱས་ན་གྲོས་ཞིབ་བྱས་འབྲས་ཟླ་3ཚེས་7ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།