འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལྕགས་ལམ་སྤྱི་བདེས་རྫུན་བཟོ་དང་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་བ། 

    སྤ་སེ་རྫུས་མ་18193གཞུང་བཞེས་བཏང་བ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་རྫུས་མ་9545བསྡུས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ལྕགས་ལམ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། སྤ་སེ་བར་ཚོང་ལ་རྡུང་རྡེག་གཏོང་བའི“རྔོན་ཁྲ—2016”གི་གཡུལ་འགྱེད་ཁྲོད་རྒྱལ་ཡོངས་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་སྤ་སེ་དང་ལག་ཁྱེར་རྫུས་མ་བཟོ་བ་དང་ལྐོག་ཚོང་རྒྱག་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་ཟླ་12པའི་ཟླ་དཀྱིལ་ནས་བཟུང་ཁྱོན་རྫུན་བཟོའི་གྱོད་གཞི་ཁག་238ཞིབ་བཤེར་རྩད་ཆོད་ཐུབ་པ་དང་། ཁྲིམས་འགལ་མི་སྣ་249འཛིན་བཟུང་བྱས་པ། སྤ་སེ་རྫུས་མ་བཟོ་བ་དང་ལྐོག་ཚོང་རྒྱག་མཁན་ཚོགས་པ་5གཏོར་བ། སྤ་སེ་རྫུས་མ་བཟོ་བ་དང་ལྐོག་ཚོང་རྒྱག་མཁན་ནག་ཚང་7རྩ་བརླགས་བཏང་བ། མེ་འཁོར་སྤ་སེ་རྫུན་མ་18193གཞུང་བཞེས་བཏང་བ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་9545དང་སྐབས་འཕྲལ་གྱི་གྲོང་མིའི་ཐོབ་ཐང་དཔང་ཡིག་རྫུན་མ་སོགས་ལག་ཁྱེར་དང་ཐམ་ག་རྫུན་མ་600ལྷག་ཙམ་གཞུང་བཞེས་བཏང་བ་རེད།
         ན་ནིང་ཟླ་12ཚེས་11ཉིན་པེ་ཅིང་ལྕགས་ལམ་སྤྱི་བདེ་ཁྲུའི་མི་དམངས་ཉེན་རྟོག་པས་ཁུངས་སྣེ་གཞིར་བཟུང་པེ་ཅིང་ནུབ་ཚུགས་སུ་སྤ་སེ་རྫུས་མ་ལྐོག་ཚོང་རྒྱག་མཁན་ཉེས་གསོག་དོགས་ཅན་མོང་ཆེ་གེ་མོ་འཛིན་བཟུང་བྱས་པ་དང་ས་གནས་ས་ཐོག་ཏུ་མེ་འཁོར་སྤ་སེ་རྫུས་མ་88གཞུང་བཞེས་བཏང་བ་རེད། དེ་རྗེས་པེ་ཅིང་ལྕགས་ལམ་སྤྱི་བདེ་ཅུས་ཀྱིས་ཆེད་དོན་་གྱོད་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་སྤ་སེ་རྫུས་མའི་ཡོང་ཁུངས་ཞིབ་བཤེར་ནན་པོ་བྱས་པར་འདི་ལོའི་ཟླ་1ཚེས་22ཉིན་ཏུའུ་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་7འཛིན་བཟུང་བྱས་པ་དང་། སྤ་སེ་རྫུས་མ་173དང་། ཕྱེད་ཀ་ཙམ་བཟོས་པའི་སྤ་སེ་རྫུས་མ་5648དེ་བཞིན་རྫུན་བཟོའི་སྒྲིག་ཆས་ཁག་གཅིག་གཞུང་བཞེས་བཏང་བ་རེད།
         ས་གནས་ཁག་གི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་འགྲུལ་སྐྱེལ་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་ཞིབ་བཤེར་བྱེད་་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཐའེ་ཡོན་ལྕགས་ལམ་སྤྱི་བདེ་ཁྲུས་འབྲེལ་ཡོད་ལྕགས་ལམ་ས་ཚིགས་དང་མཉམ་དུ་སྤ་སེ་འཚོང་མཁན་དང་། མིང་ངོ་མ་འགོད་པའི་མེ་འཁོར་སྤ་སེ་ཞིབ་བཤེར་ལས་དོན་མི་སྣ། མི་དམངས་ཉེན་རྟོག་པ་བཅས་ལ་གསོ་སྦྱོང་དང་སློབ་གསོ་བརྒྱབ་པ་དང་། ཆེད་ལས་མི་སྣ་གདན་དྲངས་ཏེ་གྲོང་མིའི་ཐོབ་ཐང་ལག་ཁྱེར་རྫུས་མ་དང་དབང་པོ་སྐྱོན་ཅན་ལག་ཁྱེར་རྫུས་མ་སོགས་ལག་ཁྱེར་བདེན་རྫུན་དབྱེ་འབྱེད་བྱེད་སྟངས་བསླབས་ནས་དབྱེ་འབྱེད་ནུས་པ་ཆེ་རུ་བཏང་བ་རེད། མིང་ངོ་མ་འགོད་པའི་མེ་འཁོར་སྤ་སེ་ཞིབ་བཤེར་ལས་དོན་ཐད་མངོན་ཞིབ་ལྐོག་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་མིང་ངོ་མ་འགོད་པའི་ལམ་ལུགས་ཞིབ་བཤེར་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་སྤ་སེ་འཚོང་བ་དང་། ཞིབ་དཔྱད། ཞིབ་བཤེར། མེ་འཁོར་སོགས་འགག་སྒོ་བཞི་བཙུགས་ཡོད། ཟླ་2ཚེས་17ཉིན་ཤིན་ཀྲོའུ་མེ་འཁོར་འབབ་ཚུགས་སུ་འགྲུལ་པ་ལིའུ་ཆེ་གེ་མོས་གྲོང་མིའི་ཐོབ་ཐང་ལག་ཁྱེར་རྫུས་མ་སྤྱད་དེ་ཉོས་པའི་མེ་འཁོར་སྤ་སེ་འཁྱེར་ནས་མེ་འཁོར་ནང་འཛུལ་སྐབས་སྤ་སེ་ཞིབ་བཤེར་མི་སྣས་ཤེས་རྟོགས་བྱུང་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པ་རེད།
         དེ་དང་ཆབས་ཅིག་ས་གནས་ཁག་གི་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་མི་གཞན་གྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་སྤྱད་དེ་སྤ་སེ་ཉོས་ནས་མེ་འཁོར་ལ་སྡོད་པའི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ་དང་འབྲེལ། རླུང་འཕྲིན་དང་འགྲེམས་བྱང་སོགས་རྣམ་པ་བརྒྱུད་མིང་ངོ་མ་འགོད་པའི་མེ་འཁོར་སྤ་སེ་ཉོ་བ་དང་མི་གཞན་གྱི་ཐོབ་ཐང་ལག་ཁྱེར་སྤྱད་དེ་མེ་འཁོར་སྤ་སེ་ཉོ་རྒྱུ་གཏན་འགོག་བྱེད་དགོས་པའི་བཅའ་ཁྲིམས་དང་གཏན་འབེབས་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་ཞིང་། ཟླ་2ཚེས་16ཉིན་ལེན་ཡུན་སྒང་ཤར་ཚུགས་ཕྱོགས་སུ་གཏོང་བའི་1551འགྲུལ་སྐྱེལ་མེ་འཁོར་ནང་ལས་སྒྲུབ་མེ་འཁོར་ཐོག་གི་ཉེན་རྟོག་པས་ལས་དོན་མི་སྣ་དང་མཉམ་དུ་མེ་འཁོར་སྤ་སེ་ཞིབ་བཤེར་བྱེད་སྐབས་མི་གཞན་གྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་སྤྱད་དེ་མེ་འཁོར་སྤ་སེ་ཉོས་ནས་མེ་འཁོར་དུ་སྡོད་མཁན་རྐུ་རྒྱག་ཉེས་གསོག་གི་དོགས་ཡོད་མི་སྣ་ལི་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།