འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་སྤྱི་པའི་སྒྲིག་གཞིར་ནུས་རྒྱུ་གསར་པའི་རླངས་འཁོར་རྒྱ་ཁྱབ་ཏུ་
    སྤྱོད་རྒྱུ་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་18ཉིན་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་སྤྱི་པའི་སྒྲིག་གཞི་ནུས་རྒྱུ་གྲོན་ཆུང་དོ་དམ་སིའི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་རྒྱལ་ཡོངས་ཀྱི་སྤྱི་པའི་སྒྲིག་གཞིར་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། 2020ལོར་སླེབས་སྐབས་ཚང་མར་ཁྱབ་ཐུབ་པ་བྱ་རྒྱུ་རེད།
         སྤྱི་པའི་སྒྲིག་གཞི་ནི་ནོར་སྲིད་རང་བཞིན་གྱི་མ་དངུལ་ཚང་མའམ་ཁག་གཅིག་སྤྱོད་མཁན་གྱི་རྒྱལ་ཁབ་ལས་ཁུངས་དང་། བྱ་གཞག་ཚན་པ། ཚོགས་པ་རྩ་འཛུགས་བཅས་ཡིན་ཞིང་། དེའི་ནང་རྒྱལ་ཁབ་ལས་ཁུངས་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། སྨན་ཁང་། རིག་གནས་ཁང་། ཚན་རྩལ་ཁང་། ལུས་རྩལ་ཁང་སོགས་ཚུད་ཡོད་པ་རེད།
         འགན་ཁུར་བ་དེས་2015ལོ་ཚུན་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དོ་དམ་ཅུས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་དུས་མཚམས་ཕྱེ་ནས་བོགས་གཏོང་ཚོད་ལྟའི་ལས་དོན་སྤེལ་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱོན་230ལྷག་ཙམ་བོགས་གཏོང་བྱས་པ་དང་གློག་གསོག་སྒྲིག་ཆས་ཆ་ཚང་461ལྷག་ཙམ་བཙུགས་ཡོད། ཟླ་བ་དྲུག་བསྟུད་མར་བོགས་གཏོང་བྱས་པའི་བསྡོམས་རྩིས་གྲངས་གཞིར་ཚོད་རྩིས་བྱས་པ་བརྒྱུད་ནུས་རྒྱུ་གསར་པའི་རླངས་འཁོར་ལོ་ལྟར་ལམ་ཚད་སྤྱི་ལེ་ཁྲི་1.24བོགས་གཏོང་བྱེད་ཆོག་པ་དང་རིགས་མཚུངས་རླངས་འཁོར་གྱི་ནུས་རྒྱུ་ཟད་ཚད་དང་བསྡུར་ན། སྣུམ་ཧྲེང་1200ལྷག་ཙམ་གྲོན་ཆུང་ཐུབ་ནས་ཐཱན་འབུད་ཚད་ཏུན་2.77ཉུང་དུ་ཕྱིན་ནས་སྣུམ་གྲོན་ཆུང་གི་ཕན་འབྲས་མངོན་གསལ་དོད་པ་མ་ཟད། ལས་བྱེད་ལས་བཟོ་ལྗང་མདོག་ངང་ཕྱིར་སྐྱོད་རྒྱུར་སྟབས་བདེ་སྐྲུན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         ཉེ་ཆར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་དང་མཉམ་དུ་《སྤྱི་པའི་སྒྲིག་གཞིས་ནུས་རྒྱུའི་ཐོན་ཁུངས་གྲོན་ཆུང་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》པར་འགྲེམས་བྱས་ཤིང་། བསམ་འཆར་གཞིར་བཟུང་། གོམ་སྟབས་རྗེས་མར་བཟོ་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་དང་བེད་སྤྱོད། ཆུ་གྲོན་ཆུང་། རིགས་ཁག་གི་རྒྱུ་ནོར་ཕན་སྤྱོད། ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་སོགས་ལ་དམིགས་ནས་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་གྲོན་ཆུང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།