འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་དུ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དངོས་རྫས་
    གསོག་འཇོག་ལྟེ་གནས་ཀྱི་མཛོད་ཁང་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ནུས་པ་འཛུགས་སྐྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་རང་བྱུང་གནོད་འཚེ་འཕྲད་སྐབས་རོགས་སྐྱོབ་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དངོས་རྫས་གསོག་འཇོག་ལྟེ་གནས་ཀྱི་མཛོད་ཁང་དེ་ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་མདོ་པ་གྲོང་རྡལ་ཞའོ་ཀྲའེ་གྲོང་ཚོར་སྐྲུན་འགོ་ཚུགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་ཞིང་ཆེན་རིམ་པའི་གེགས་སེལ་དངོས་རྫས་གསོག་འཇོག་མཛོད་ཁང་གི་སྒྲིག་བཀོད་རྙིང་པ་ཆགས་ཡོད་པ་དང་། བཟོ་སྐྲུན་གྲུབ་ཆའི་བདེ་འཇགས་སྲུང་ཚད་དམའ་བ། བཀོད་པ་ལུགས་དང་མི་མཐུན་པ། རྒྱ་ཆུང་བ། མཛོད་ཁང་གི་འགྲོ་ལམ་གུ་དོག་པ་སོགས་ཀྱིས་རྐྱེན་པས་གེགས་སེལ་དངོས་རྫས་གསོག་འཇོག་དང་མགྱོགས་མྱུར་དབོར་འདྲེན་བྱ་རྒྱུར་ཤུགས་རྐྱེན་ཐེབས་ཡོད། དེའི་ཆེད་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལ་སྙན་ཞུ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་གེགས་སེལ་དངོས་རྫས་གསོག་འཇོག་མཛོད་ཁང་གི་སྒྲིག་ཆས་རྗེས་ལུས་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་རྨང་གཞི་ཞན་པ། ཡོམ་འགོག་གེགས་སེལ་གྱི་ཕྱོགས་བསྡུས་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་སྙན་ཞུ་བྱས་ནས་ཞིང་ཆེན་དེའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དངོས་རྫས་གསོག་འཇོག་ལྟེ་གནས་ཀྱི་མཛོད་ཁང་བསྐྲུན་པའི་མ་དངུལ་བརྩོན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ས་ཆ་མུའུ་58བཟུང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་14100ཟིན་པ། མ་འཇོག་སྒོར་ཁྲི་4925ཟིན་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་ལས་དོན་གྱི་གཙོ་གནད་དམངས་འཚོའི་རྣམ་གྲངས་ཡིན་པ་དང་བསྐྲུན་ཟིན་རྗེས་བོད་རིགས་ས་ཁུལ་གྱི་གེགས་སེལ་དངོས་རྫས་གསོག་འཇོག་དང་དབོར་་འདྲེན་ལས་ཕྱོད་ནུས་ལྡན་ངང་ཆེ་རུ་སོང་ནས་བོད་རིགས་ས་ཁུལ་གྱི་གེགས་སེལ་དངོས་རྫས་གཏོང་འདྲེན་དུས་ཚོད་ཉུང་དུ་འགྲོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།