འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་སི་ཁོའི་ལོ་གསར་གྱི་ཀྲུང་གོའི་རྣམ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་གསར་པའི་ཉིན་དང་པོར་མོ་སི་ཁོའི་དྲོད་ཚད་དམའ་རུ་སོང་ནས་ཉིན་མོའི་དྲོད་ཚད་མཐོ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་15ལས་ཟིན་གྱི་མེད། གསར་འགོད་པས་ཀོ་བའི་སྟོད་གོས་མཐུག་པོ་དང་། ལག་ཤུབས། ལྷམ་ཡུ་རིང་བཅས་གྱོན་ནས་ཁྲོམ་གཞུང་དུ་སྐར་མ་བཅོ་ལྔ་ཙམ་ལས་མ་བསྐྱོད་ཀྱང་རྐང་ལག་སྦྲིད་ཁར་ལག་པའི་མཛུབ་མོའང་གངས་ཆུའི་ཁྲོད་སྦངས་པ་ཇི་བཞིན་ན་ཟུག་བཟོད་དཀའ་བ་ཞིག་བྱུང་།
         འདི་ལོའི་ལོ་གསར་དེ་ཨུ་རུ་སུ་བའི་ངོས་ནས་བརྗོད་ན་ལོ་གསར་པའི་འཁྲུག་ཆ་དེ་ཙམ་མཐོང་རྒྱུ་མེད་པར་དགུན་དུས་ཀྱི་གྲང་ཟུག་ལྷག་པར་ཆེན་པོ་ཡོད། ལོ་གསར་གྱི་སྔ་ནུབ་ཏུ་ཐང་ཆེན་དམར་པོ་སྒོ་བརྒྱབ་ནས་སྐུ་མགྲོན་བསུས་མེད། ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཚོད་དཔག་བྱས་པར་གཞིགས་ན། རྒྱུ་རྐྱེན་གཙོ་བོ་ནི་འཇིགས་སྐུལ་གྱི་འཇབ་རྒོལ་ཐོན་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད་པ་དེ་རེད། སྤྱི་གླིང་དང་། ཁྲོམ་གཞུང་། ཐང་ཆེན་བཅས་སུ་ལོ་གསར་པ་བསུ་བའི་བྱེད་སྒོ་སྤེལ་ཡོད་ཀྱང་འཁྲུག་ཆ་དོད་པོ་དེ་ཙམ་མེད། དབང་འཛིན་ལས་ཁུངས་ཀྱིས་མི་མང་པོ་འདུ་འཛོམས་མི་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། 2015ལོའི་ཟླ་12ཚེས་31ཉིན་གྱི་དགོང་མོ་ལོ་དུས་བརྒལ་བའི་ཚོན་ཁྲ་ཅན་གྱི་ཤོག་སྦག་དེ་ཐང་ཆེན་དམར་པོར་སྦར་བ་ཕུད་བྱེད་སྒོ་གཞན་གང་ཡང་སྤེལ་མེད། སྔ་ལོའི་ཚོན་ཁྲ་ཅན་གྱི་ཤོག་སྦག་སྦར་ཡུལ་ཅུང་གཅིག་སྡུད་ཡིན་པའི་ཁང་བྱིའུ་རིར་གསར་འགོད་པ་ཆེད་མངགས་བསྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་སློབ་ཆེན་སློབ་མ་ཚོས་རང་འགུལ་ངང་ཚོན་ཁྲ་ཅན་གྱི་ཤོག་སྦག་ཕྲན་བུ་སྦར་བ་ལས་མཐོང་རྒྱུ་མེད། ཨུ་རུ་སུའི་དམངས་ཁྲོད་བརྟག་དཔྱད་སྒྲིག་གཞི་ལེ་ཝ་ཏ་ལྟེ་གནས་ཀྱིས་ལོ་གསར་པའི་གོང་བརྟག་དཔྱད་བྱས་པའི་འབྲས་བུར་གཞིགས་ན། ཨུ་རུ་སུ་བ་70%ཡིས་རང་ཁྱིམ་དུ་ལོ་གསར་པའི་གུང་གསེང་གཏོང་རྩིས་ཡོད་པ་རེད།
         འོན་ཀྱང་འདི་ལོའི་ལོ་གསར་རིང་མོ་སི་ཁོའི་ལོ་གསར་གྱི་འཁྲུག་ཆ་ཆུང་དུ་སོང་ཡོད་ཀྱང“ཀྲུང་གོའི་རྣམ་པ”མང་པོ་མཐོང་རྒྱུ་ཡོད།
         ཟླ་1ཚེས་1གྱི་དགོང་མོ་ཆུ་ཚོད་དྲུག་པར་གསར་འགོད་པ་མོ་སི་ཁོའི“སྐུ་མགྲོན་ཕོ་བྲང”དུ་ཡོང་སྐབས་དེ་གའི་འཁྲུག་ཆ་གསར་འགོད་པའི་བསམ་ཡུལ་ལས་འདས་ཡོད། དེ་གར་ངོ་མཚར་ཆེ་བའི་ཀྲུང་གོའི་རྩལ་རྩེད་འཁྲབ་སྟོན་བྱས་ནས“ཀྲུང་གོའི་ཉམས་འགྱུར”གྱིས་ཕྱུག་ཡོད། དེ་ནི་ཅི་ནན་གྲོང་ཁྱེར་རྩལ་རྩེད་ཚོགས་པས་ཨུ་རུ་སུའི་ལྟད་མོ་བར་ཕུལ་བའི་ལོ་གསར་གྱི་བཀྲ་ཤིས་ཕྱག་རྟགས་ཤིག་རེད། གར་སྟེགས་ཀྱི་བཀོད་པ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་སྒོ་ཕིབས་མཐོ་པོ་དང་རྒྱབ་ལྗོངས་ནི་བཀྲ་ཤིས་པའི་སྤྲེལ་གྱི་མཛེས་རིས་ཀྱིས་སྤྲེལ་ལོ་འཆར་བ་མཚོན་པར་བྱས་ཡོད། དམར་མདངས་བཀྲ་བའི་ཚོན་མདངས་ལས“ཀྲུང་གོའི་ཁྱད་ཆོས”ཟབ་མོ་མངོན་ཞིང་། འཁྲབ་སྟོན་པ་ཚོའི་རྩལ་རྩེད་འཁྲབ་སྟོན་ལས་ཀྲུང་གོའི་གཞི་རྒྱུ་མང་པོ་སྔར་བས་མཉམ་འདྲེས་ཐུབ་པ་དང་ལྷག་པར་དུ་ཅིན་ཅུས་ཟློས་གར་གྱི་གཞི་རྒྱུ་སྤྱད་དེ་གྱོན་ཆས་ནས་འཁྲབ་ཆས་བར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཏམ་རྒྱུད་མངོན་པས་ཨུ་རུ་སུའི་ལྟད་མོ་བ་ཚོས་ཀྲུང་གོའི་རྩལ་རྩེད་ལ་མྱོང་རོལ་བྱེད་པ་དང་དུས་མཚུངས་ཁོང་ཚོར་ཀྲུང་གོའི་གནའ་བོའི་ལྷ་སྒྲུང་ཤོད་རྒྱུན་ནང་སླེབས་པ་ལྟར་གྱི་ཚོར་སྣང་བྱུང་ཡོད།
         མཚན་ཚོགས་ཧྲིལ་པོར་ཨུ་རུ་སུའི་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཏེ་མི་གྲངས་3000ཙམ་ཤོང་བའི་ཟློས་གར་ཁང་ནང་རྐུབ་སྟེགས་སྟོང་པ་གཅིག་ཀྱང་ལུས་མེད། ཀྲུང་གོའི་འཁྲབ་སྟོན་པ་ཚོས་རང་ཉིད་ཀྱི་རྩལ་རྩེད་རྩེར་སོན་ལ་བརྟེན་ཏེ་ཨུ་རུ་སུའི་ལྟད་མོ་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནས་ཁོང་ཚོར“ཀྲུང་གོའི་ལོ་གསར”མི་འདྲ་བ་ཞིག་མངོན་པར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།