འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཀའོ་མན་དུ་ཕུགས་འདུན་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ཁམ་ཕུ་ཁྲེའི་གློག་རིན་དེ་སྔའི་ཏུའུ་རེར་ཨ་སྒོར་གསུམ་ནས་མིག་སྔའི་50%ཙམ་བར་ཆག་པར་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་བྱས་རྗེས་ཆེན་པོ་བཞག་ཡོད”ཅེས་པ་དེ་ནི་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཁམ་ཕུ་ཁྲེའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ཐད་ཀྱི་ཁམ་ཕུ་ཁྲེའི་ཀྲུང་གོའི་ཚོང་ཚོགས་ཀྱི་ཚོགས་གཙོ་ཀའོ་ཧྭའི་མྱོང་ཚོར་རེད། གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཙམ་མ་ཟད་མིག་སྔར་ཀྲུང་གོའི་མ་འཇོག་ཁེ་ལས་ཁམ་ཕུ་ཁྲེའི་འཛུགས་སྐྲུན་དང་ས་ཁང་བདག་ཁོངས་ཁྲོམ་རར་ཡོངས་སུ་ཁྱབ་ནས་ས་གནས་དེ་གའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བཞིན་ཡོད།
         ཁམ་ཕུ་ཁྲེའི་རྒྱལ་ཁབ་ས་ཆ་འཆར་འགོད་དང་འཛུགས་སྐྲུན་པུའི་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཧུའེ་ན་ལེས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཕན་ལོ་ཤས་རིང་ཀྲུང་གོའི་མ་འཇོག་ཁེ་ལས་135ཡིས་པུའུ་དེར་ཐོ་འགོད་སྙན་སེང་ཞུས་ནས་ཁམ་ཕུ་ཁྲེའི་འཛུགས་སྐྲུན་དང་ས་ཁང་བདག་ཁོངས་ཀྱི་ཁྱབ་ཁོངས་སུ་མ་དངུལ་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་9.46གཏོང་རྒྱུ་རེད། ཐོ་འགོད་བྱས་ཟིན་པ་དང་དེ་བཞིན་གསར་སྤེལ་ལག་ཁྱེར་གྱི་ནུས་པ་ལྡན་པའི་ཕྱི་རྒྱལ་གྱི་ཚོང་པ་བསྡོམས་རྩིས་བརྒྱབ་པ་ལྟར་ན། མིག་སྔར་ཀྲུང་གོའི་མ་འཇོག་གི་འཛུགས་སྐྲུན་དང་ས་ཁང་བདག་ཁོངས་ཀྱི་ཁེ་ལས་གྲངས་འབོར་དེ་རྒྱལ་ཁབ་ཁག་ནང་གི་མང་ཤོས་རེད། དོན་དངོས་ཐོག་ཀྲུང་གོའི་མ་འཇོག་ས་ཁང་བདག་ཁོངས་ཁེ་ལས་ཁམ་ཕུ་ཁྲེར་སླེབས་པ་ནས་བཟུང་ས་གནས་དེ་གའི་མི་དམངས་བདེ་སྡོད་ལས་བརྩོན་ཡོང་རྒྱུར་རོགས་རམ་བྱས་པ་མ་ཟད་ཁམ་ཕུ་ཁྲེའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དེ་བས་དམིགས་ཡོད།
         2008ལོར་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ཕྱོགས་བསྡུས་མ་དངུལ་གཏོང་བའི་གསར་སྤེལ་ཚོད་ལྟའི་ཁུལ་དེ་ཁམ་ཕུ་ཁྲེའི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་རྣམ་གྲངས་ཐོག་ནས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཤིང་། ཐེ་ལན་མཚོ་ཁུག་གི་ཤར་ངོགས་ཀྱི་དེ་སྔའི་ཉ་པའི་གྲོང་ཚོ་ཆུང་ཆུང་དེར་གནས་པའི་གྲོང་ཁྱེར་ཕྱོགས་བསྡུས་གསར་སྤེལ་ལས་གྲྭ་ཆེ་གྲས་ཐོག་ནས་ས་གནས་དེ་གའི་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་དེ་བསྐྲུན་རྗེས་ཁམ་ཕུ་ཁྲེའི་མཚོ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། རྣམ་གྲངས་ལ་ཞིབ་བཤེར་མཆན་འགོད་དང་བཤིག་སྤོ་ས་བསྡུ་སོགས་དུས་འགོའི་ལས་དོན་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་མིག་སྔར་རྣམ་གྲངས་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་སྟེ། ཁམ་ཕུ་ཁྲེའི་གཞུང་ལམ་ཨང་48དང་འབྲེལ་བའི་རིང་ཚད་ཆན་སྨི་68ཡོད་པའི་ཕྱོགས་གཉིས་འཁོར་ལམ་བཞིའི་གཞུང་ལམ་བསྐྲུན་ཟིན་པ་དང་། ཆུ་མཛོད་ཆེ་གྲས་གཉིས་དང་། རང་འབབ་ཆུ་ཀ་ལ་བཟོ་གྲྭ གློག་ཁང་བཅས་ལེགས་གྲུབ་བྱུང་བ། ཏུན་ཁྲི་རིམ་པའི་གྲུ་ཁའི་རྣམ་གྲངས་ཀྱང་མཇུག་འགྲིལ་ཉེར་ཡོད་པ་བཅས་རེད། རྣམ་གྲངས་ལ་མ་དངུལ་འཇོག་མཁན་ཕྱོགས་ཁམ་ཕུ་ཁྲེའི་ཡིའུ་ལན་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཐའོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་འབྱུང་འགྱུར་རྣམ་གྲངས་དེ་གྲུ་ཁ་དང་མཁའ་འགྲུལ་ལྟེ་བར་བྱས་ནས་ཐོན་ལས་གླིང་ཁུལ་དང་། ཡུལ་སྐོར། རིག་གནས་རོལ་རྩེད་སྒྲིག་བཀོད་བཅས་དང་དེ་བཞིན་དེང་རབས་ཞིང་ལས་སོགས་ཚུད་པའི་མཚོ་ངོགས་གྲོང་གསར་ཞིག་བསྐྲུན་རྒྱུ་ཡིན་པ་དང་ཐེ་ལན་མཚོ་ཁུག་གི་ལེགས་ཆ་དང་དེ་བཞིན་རིང་ཚད་ཆན་སྨི་90ཡོད་པའི་མཚོ་རྒྱུད་ཀྱི་ཐོན་ཁུངས་གང་ལེགས་སྤྱད་ནས་ས་གནས་དེ་གའི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
         ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གར་ཁྱེར་ཡོང་བའི་ཕན་འདོགས་ནི་འཆར་འགོད་ཙམ་མ་ཡིན་པར་དངོས་ཡོད་ཀྱི་འཛུགས་སྐྲུན་བརྒྱུད་རིམ་ནང་ཡང་ཐད་ཀར་མངོན་གྱི་ཡོད། ལི་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྣམ་གྲངས་དེས་ས་གནས་དེ་གར་ལས་ཞུགས་་ལས་གནས་3000-5000བར་གཏོད་པ་དང་གཞན་བརྒྱུད་ནས་མི་གྲངས་10000ལས་ཞུགས་སྐུལ་ཁྲིད་ཐུབ་ཡོད། མི་འབོར་ཁྲི་20ཡང་མི་ཟིན་པའི་ཀེ་ཀུང་ཞིང་ཆེན་ངོས་ནས་བརྗོད་ན་རྣམ་གྲངས་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དོན་སྙིང་མངོན་གསལ་དོད་པོ་ཡོད། དེ་བས་གལ་ཆེ་བ་ཞིག་ནི་ཡིའུ་ལན་ཀུང་སི་དང་ས་གནས་དེ་གའི་འཛུགས་སྐྲུན་ཁེ་ལས་མཉམ་ལས་གང་ལེགས་བྱས་ཏེ་ཨར་ཁང་དང་། སྤྱི་ཤག གཞུང་ལས་ཁང་ཆེན་སོགས་འཛུགས་སྐྲུན་རྣམ་གྲངས་ཀྱི་70%ཁོང་ཚོར་འགན་གཙང་སྤྲད་པས་ཀྲུང་གོའི་ཁེ་ལས་ཀྱི་མ་དངུལ་དང་ལག་རྩལ་སོགས་ཀྱི་ལེགས་ཆ་དང་ས་གནས་དེ་གའི་ཁེ་ལས་ཀྱི་མི་སྣ་དང་ཐོན་ཁུངས་སོགས་ཀྱི་ལེགས་ཆ་མཉམ་འབྲེལ་ཡག་པོ་བྱུང་ཡོད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ཕྱོགས་བསྡུས་མ་འཇོག་ཚོད་ལྟའི་ཁུལ་གྱི་རྣམ་གྲངས་ལས་ས་གནས་དེ་གར་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས་རྣམ་གྲངས་མཐའ་འཁོར་གྱི་ཡུལ་མི་བཀོད་སྒྲིག་བྱ་ཡུལ་པེ་ཁེ་སའེ་གྲོང་ཚོའི་གྲོང་དཔོན་དབུན་ཝོས་ཀྱིས“གྲོང་ཚོ་གསར་པར་ཁང་པ་དང་། ཞིང་ཁ། གཞུང་ལམ། སློབ་གྲྭ། དགོན་སྡེ་། ཁྲོན་པ། སྨན་ཁང་བཅས་ཡོད་པ་དང་ཕྱིས་སུ་ད་དུང་གློག་ཀྱང་གཏོང་རྒྱུ་རེད”ཅེས་བཤད།
         ཀའོ་ཧྭ་ཡིས་གསར་འགོད་པར་ཁམ་ཕུ་ཁྲེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་གཏོང་བའི་ཐད་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་རྒྱུན་དུ་BOTབྱེད་སྟངས(འཛུགས་སྐྲུན- གཉེར་སྐྱོང—ནང་བཤུག་)སྤྱོད་པ་དང་དུས་ཐུང་ནང་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོ་མེད་སྟབས་རྒྱལ་ཁབ་གཞན་དག་གི་མ་དངུལ་འཇོག་མཁན་གྱིས་མཐོང་ཆེན་བྱེད་ཀྱི་མེད། འོན་ཏེ་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་མཐའ་འཁྱོངས་བྱས་སྟབས་གཞི་ནས་ཁམ་ཕུ་ཁྲེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་ཏེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོར་བདེ་བ་སྐྲུན་ཆེད་མིག་མཐོང་ལག་ཟིན་གྱི་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།
         མིག་སྔར་ཁམ་ཕུ་ཁྲེའི་སྤྱི་ཁོག་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོད་པ་དང་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་(GDP)བསྟུད་མར་ལོ་ལྔ་7%ཡན་འཕར་ཡོད།
         ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚོང་དོན་ཚན་ཙན་ཁྲུའུ་ཡིས་མཁོ་འདོན་བྱས་པའི་གཞི་གྲངས་ལྟར་ན། འདི་ལོའི་ལོ་སྟོད་དུ་ཁམ་ཕུ་ཁྲེར་མ་དངུལ་ཨ་སྒོར་དུང་ཕྱུར་33.2བཏང་བའི་ནང་ཀྲུང་གོའི་མ་དངུལ་ཨ་སྒོར་དུང་ཕྱུར་2.1ལོན་ནས་7.65%བཟུང་ཡོད། མ་དངུལ་འཇོག་པའི་གཞི་ཁྱོན་དེ་རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་མ་དངུལ་འཇོག་འབོར་གྱི་ལྡབ་གཉིས་ལྷག་ཙམ་ཟིན་གྱི་ཡོད། དེ་དང་ཆབས་ཅིག་ཁམ་ཕུ་ཁྲེར་ཀྲུང་གོའི་ཁེ་ལས་500ལས་བརྒལ་བ་དེའི་ནང་གི་གསུམ་ཆ་གཉིས་ཙམ་ནི་རྒྱལ་ནང་གི་དམངས་གཉེར་ཁེ་ལས་རེད། ལི་ཐའོ་ཡིས་ཁམ་ཕུ་ཁྲེའི་ཆབ་སྲིད་དུས་བབ་བརྟན་པོ་དང་། དཔལ་འབྱོར་མགྱོགས་མྱུར་ངང་འཕར་བ། དམངས་སྲོལ་བབ་ཆགས་ལ་མཛའ་མཐུན་ཡིན་པ་བཅས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁོངས་ནང་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པ་དང་དེ་བཞིན་རྒྱལ་ཁབ་འདིའི་ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བས་ཀྲུང་གོའི་འཛུགས་སྐྲུན་དང་ས་ཁང་བདག་ཁོངས་ཀྱི་ཁེ་ལས་ཁམ་ཕུ་ཁྲེར་མ་དངུལ་བཏང་ནས་ལས་གཏོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།