འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ཞིང་པའི“དབང་ཆ་གཉིས”གཏའ་མར་བཞག་ནས་དངུལ་བུན་ལེན་པའི་
    སྒྱུར་བཅོས་ཚོད་ལྟ་བྱེད་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་23ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་21ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་《རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་པེ་ཅིང་ཏ་ཞིང་ཆུས་སོགས་ཚོད་ལྟའི་རྫོང་(གྲོང་ཁྱེར་དང་ཆུས)232དང་ཐེན་ཅིན་གྲོང་ཁྱེར་ཅི་རྫོང་སོགས་ཚོད་ལྟའི་རྫོང་(གྲོང་ཁྱེར་དང་ཆུས)59ཡི་སྲིད་འཛིན་ས་ཁོངས་སུ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་ལག་བསྟར་དབང་ཆ་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་(འཆར་ཟིན)》སྐོར་ཉན་པ་དང་གྲོས་ཞིབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཕན་ཀུང་ཧྲེང་གིས་ཚོགས་འདུའི་ཐོག་གསལ་བཤད་བྱས་པ་རེད།
         འཆར་ཟིན་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་ཆ་སྤྲད་ནས་པེ་ཅིང་གྲོང་ཁྱེར་ཏ་ཞིང་ཆུས་སོགས་ཚོད་ལྟའི་རྫོང་(གྲོང་ཁྱེར་དང་ཆུས)232ཀྱི་སྲིད་འཛིན་ས་ཁོངས་སུ་ཐུན་མོང་ལ་དབང་བའི་རྨོ་ཞིང་སྤྱོད་དབང་གཏའ་མར་འཇོག་མི་རུང་བའི་སྐོར་གྱི་རྒྱུ་དབང་བཅའ་ཁྲིམས་ཀྱི་དོན་ཚན་184པ་དང་ཁག་ཐེག་བཅའ་ཁྲིམས་ཀྱི་དོན་ཚན་37པའི་གཏན་འབེབས་གནས་སྐབས་ལེགས་སྒྲིག་བྱས་ནས་ལག་བསྟར་བྱས་ཏེ་ཞིང་པའི་ས་ཞིང་(རྨོ་ཞིང་ལ་གོ)འགན་གཙང་ལེན་གྱི་གཉེར་སྐྱོང་དབང་ཆ་དངུལ་བུན་གྱི་གཏའ་མར་འཇོག་ཆོག་པ་དང་། ཐེན་ཅིན་གྲོང་ཁྱེར་ཅི་རྫོང་སོགས་ཚོད་ལྟའི་རྫོང་(གྲོང་ཁྱེར་དང་ཆུས)59ཡི་སྲིད་འཛིན་ས་ཁོངས་སུ་ཐུན་མོང་ལ་དབང་བའི་ཁང་ས་སྤྱོད་དབང་གཏའ་མར་འཇོག་མི་རུང་བའི་སྐོར་གྱི་རྒྱུ་དབང་བཅའ་ཁྲིམས་ཀྱི་དོན་ཚན་184པ་དང་ཁག་ཐེག་བཅའ་ཁྲིམས་ཀྱི་དོན་ཚན་37པའི་གཏན་འབེབས་གནས་སྐབས་ལེགས་སྒྲིག་བྱས་ནས་ལག་བསྟར་བྱས་ཏེ་ཞིང་པའི་སྡོད་ཁང་རྒྱུ་ནོར་དབང་ཆ་(དེའི་ནང་ཁང་ས་བེད་སྤྱོད་དབང་ཆ་ཚུད)དངུལ་བུན་གྱི་གཏའ་མར་འཇོག་ཆོག་ཅེས་གཏན་འབེབས་བྱས་ཡོད།
         འཆར་ཟིན་ནང་ཁ་གསལ་བཟོས་དོན། གོང་གསལ་གྱི་ལེགས་སྒྲིག་གཏན་འབེབས་2017ལོའི་ཟླ་12ཚེས་31ཉིན་གྱི་གོང་དུ་ཚོད་ལྟ་བྱས་ཏེ་ལག་ལེན་གྱི་ཐོག་ནས་ལག་བསྟར་བྱེད་འཐུས་པ་ར་སྤྲད་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་དང་། ལག་ལེན་གྱི་ཐོག་ནས་ལེགས་སྒྲིག་བྱ་རྒྱུར་མི་འཚམ་པ་ར་སྤྲད་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་སླར་གསོ་བྱ་རྒྱུ་རེད།
         ཕན་ཀུང་ཧྲེང་གིས་གསལ་བཤད་བྱེད་སྐབས་བརྗོད་དོན། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་གནས་སྐབས་ལེགས་སྒྲིག་དང་སྒྱུར་བཅོས་ཚོད་ལྟར་སྐུལ་སྤེལ་གཏོང་བར་ངེས་པར་དུ་ས་ཆ་སྤྱི་དབང་ལམ་ལུགས་ཀྱི་ངོ་བོ་མི་བསྒྱུར་བ་དང་། རྨོ་ཞིང་གི་དམར་ཐིག་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་མི་གནོད་པ་བཅས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས། མི་དམངས་དངུལ་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཚོད་ལྟའི་ལས་དོན་གྱི་སྤྱིའི་མཛུབ་ཁྲིད་དང་། སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གོ་རིམ་ལྟར་དང་བྱེད་རིམ་དབྱེ་ནས་གཟབ་ནན་བརྟན་པོའི་ངང་སྐུལ་སྤེལ་བཏང་ནས་ཚོད་ལྟའི་ལས་དོན་བདེ་བླག་ངང་བསྒྲུབ་རྒྱུར་འགན་ལེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།