འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ཉེན་རྟོགས་ཕྱོགས་ཀྱིས་དུག་རྫས་ལྐོག་འཚོང་བྱེད་པའི་གྱོད་དོན་ཞིག་མྱུལ་ཞིབ་བྱས་
    ནས་རྩད་ཆོད་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དུག་འགོག་ཡན་ལག་རུ་ཁག་གིས་དུག་རྫས་ལྐོག་འཚོང་བྱེད་པའི་གྱོད་དོན་ཞིག་མྱུལ་ཞིབ་བྱས་ཏེ་རྩད་ཆོད་བྱུང་བ་རེད།
         ཟླ་12གྱི་ཟླ་འགོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དུག་འགོག་ཡན་ལག་རུ་ཁག་གི་མྱུལ་ཞིབ་མི་སྣས་ཁུངས་སྣེ་ལ་གཞིགས་ནས་ལྷ་ས་གྲོང་ཁྱེར་ལྡང་ར་ལམ་མཐུན་སྒྲིལ་གྲོང་གསར་གྱི་ཉེ་འགྲམ་དུ་དུག་རྫས་བཙོང་མཁན་ཡོད་པ་ཤེས་རྟོགས་བྱུང་བ་རེད། དུག་འགོག་ཡན་ལག་རུ་ཁག་གིས་ཁུངས་སྣེ་འདི་ལ་གཞིགས་ནས་བརྟག་དཔྱད་གཏིང་ཟབ་པོ་བྱས་པ་མ་ཟད་མྱུལ་ཞིབ་མི་སྣ་མངགས་ནས་མྱུལ་ཞིབ་བྱེད་དུ་བཅུག་ནས་ཉིན་ཁ་ཤས་ནང་དུ་དོགས་ཡོད་ཉེས་ཅན་མ་ག་གེ་མོ་ཉེས་ཅན་ཡིན་པ་དམིགས་འཛིན་བྱས་པ་རེད།
         ཟླ་12ཚེས་7ཉིན་དོགས་ཡོད་ཉེས་ཅན་མ་ག་གེ་མོ་དང་དུག་རྫས་ཉོ་མཁན་ཅིས་ག་གེ་མོ་གཉིས་ཀྱིས་དུག་རྫས་ཉོ་ཚོང་བྱས་ཚར་ནས་ཁ་གྱེས་པའི་སྐབས་སུ་མྱུལ་ཞིབ་མི་སྣས་གནས་དེར་འཛིན་བཟུང་བྱས་པ་རེད། མྱུལ་ཞིབ་མི་སྣས་གནས་དེ་ནས་ཅིས་ག་གེ་མོའི་རླངས་འཁོར་ནང་དུ་མ་ག་གེ་མོའི་ལག་ནས་ཉོས་པའི་དུག་རྫས་ཧེ་རོན་ཁུག་མ་1རྙེད་པ་དང་། མ་ག་གེ་མོའི་ལག་ནས་རླངས་འཁོར་གྱི་ལྡེ་མིག་3་དང་དུག་རྫས་ཉོ་ཚོང་གི་དངུལ་སྒོར་འགའ་ཤས་སྔོག་བཤེར་ཐུབ་པ་རེད། 
         གཞན་ཡང་ཉེན་རྟོགས་ཕྱོགས་ཀྱིས་མ་ག་གེ་མོས་བཏང་བའི་རླངས་འཁོར་ནང་དུ་དུག་རྫས་ཧེ་རོན་ཁུག་མ་12རྙེད་པ་དང་། ཁོའི་འདུག་སྡོད་བྱེད་ས་ནས་དུག་རྫས་ཧེ་རོན་ཁུག་མ་བརྒྱ་ཙམ་བསྡོམས་པས་ཁེ་350.36དང་། འཁྱགས་དུག་ཁུག་མ་ལྔ་བསྡོམས་པས་ཁེ་50.9བཅས་སྔོག་བཤེར་བྱས་པ་རེད། གཅིན་བཤེར་བྱས་པ་བརྒྱུད། མ་ག་གེ་མོའི་གཅིན་བཤེར་བྱས་འབྲས་སུ་མོའི་རང་བཞིན་མངོན་ཞིང་དུག་རྫས་འཐེན་པའི་རྟགས་མེད་པ་དང་། ཅིས་ག་གེ་མོའི་གཅིན་བཤེར་བྱས་འབྲས་སུ་མོའི་རང་བཞིན་མངོན་ཞིང་མ་ཧྥེའི་གྲུབ་རྫས་འདུས་པ་རེད།
         མིག་སྔར། མ་གེ་གེ་མོ་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་ཅིས་ག་གེ་མོར་སྲིད་འཛིན་ཐོག་གི་ཆད་གཅོད་བྱས་ཡོད།  གྱོད་དོན་ད་དུང་མུ་མཐུད་དུ་མྱུལ་ཞིབ་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།