འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་མི་སྣས་གོ་ལ་ཧྲིལ་པོའི་ས་རྒྱུ་ཞན་འགྱུར་གྱི་
    གནས་ཚུལ་དེར་འགྱུར་ལྡོག་གཏོང་ཐུབ་ཅེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་13ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་འགོ་བརྗོད་དུ་《འཛམ་གླིང་གི་ས་རྒྱུའི་ཐོན་ཁུངས་གནས་ཚུལ་》ཞེས་པའི་སྙན་ཞུ་སྤེལ་ནས་ས་ཆུ་ཤོར་བ་དང་། འཚོ་བཅུད་ཉམས་པ། ས་རྒྱུའི་གྲུབ་ཆ་སོགས་ཀྱི་འཇིགས་སྐུལ་ལས་གོ་ལ་ཧྲིལ་པོའི་ས་རྒྱུའི་གནས་ཚུལ་མགྱོགས་མྱུར་ཞན་དུ་སོང་ཡོད་མོད། འོན་ཀྱང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་བྱ་ཐབས་སྤྱད་ཚེ་གནས་ཚུལ་དེར་འགྱུར་ལྡོག་གཏོང་ཐུབ་ཅེས་བསྟན་པ་རེད།
         ས་རྒྱུར་ནུས་པ་གལ་ཆེན་མང་པོ་ལྡན་པ་དཔེར་ན་ཞིང་ནང་སྐྱེ་དངོས་ཐོན་སྐྱེད་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་མ་ཟད་ད་དུང་ཆུ་འབོར་ཆེར་དྭངས་སིང་གཙང་བཟོ་ཐུབ་པ་དང་གཞན་ཡང་ས་རྒྱུས་ད་དུང་ཐཱན་གསོག་འཇོག་བྱེད་པ་བརྒྱུད་གནམ་གཤིས་སྙོམས་སྒྲིག་བྱེད་ཐུབ་ཀྱི་ཡོད་པ་རེད།
         སྙན་ཞུའི་ནང་མིག་སྔར་འཛམ་གླིང་གི་ས་རྒྱུ་མང་ཆེ་བ་སྤྱིར་བཏང་དང་ཞན་ཙམ་མམ་ཡང་ན་ཧ་ཅང་ཞན་པོ་ཡིན་པ་ལས་ཡག་པོ་དེ་ཙམ་མེད་པ་མ་ཟད་ས་ཆ་མང་པོར་ས་རྒྱུའི་གནས་ཚུལ་ཇེ་ཞན་དུ་འགྲོ་བཞིན་ཡོད། ཚྭ་བུལ་འགྱུར་དང་། མྱགས་ས་ཚི་སྐམ། སྐྱུར་འགྱུར། རྫས་འགྱུར་སྦགས་བཙོག་སོགས་ཀྱིས་རྐྱེན་པས་གོ་ལ་ཧྲིལ་པོའི་ས་ཆ་33%ནི་ཞན་འགྱུར་ཆེ་འབྲིང་གི་གནས་སུ་གྱར་ཡོད། ས་རྒྱུའི་གནས་ཚུལ་འགྱུར་ལྡོག་འགྲོ་བའི་རྒྱུ་མཚན་གལ་ཆེ་ཤོས་ནི་མི་འབོར་མང་དུ་ཕྱིན་པ་དང་། དཔལ་འབྱོར་འཕར་བ། གནམ་གཤིས་འགྱུར་ལྡོག་སོགས་ཡིན་པ་དང་རྒྱུ་རྐྱེན་དེ་དག་སྔོན་དཔག་བྱས་ན་སླད་ཕྱིན་ལོ་བཅུ་ཕྲག་ཁ་ཤས་ནང་ཡུན་རིང་གནས་རྒྱུ་རེད་ཅེས་བསྟན་པ་རེད།
         འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་རུའོ་ཙེ·ཀེ་ལ་ཆི་ཡ་ནུའོ·ཏ་ཤིའར་ཝས“ཞིང་སྤྱོད་ས་རྒྱུ་སྔར་བས་ཉམས་ཞན་དུ་སོང་བ་དེས་འབྲུ་རིགས་ཐོན་སྐྱེད་དང་འབྲུ་རིགས་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བ་མ་ཟད་འབྲུ་རིགས་ཀྱི་རིན་གོང་འཕར་མགྱོགས་སུ་འགྲོ་སྲིད་པས་མི་འབོར་ཁྲི་ཕྲག་ཁ་ཤས་བཀྲེས་ལྟོགས་དང་དབུལ་ཕོངས་ཀྱི་གནས་སུ་གྱར་སྲིད”ཅེས་བཤད་པ་རེད།
         སྙན་ཞུ་དེའི་ནང་གཅིག་མཚུངས་ཐོག་གལ་སྲིད་རྒྱལ་ཁབ་ཁག་གིས་འོས་འཚམ་གྱི་བྱ་ཐབས་སྤྱད་ཚེ་ས་རྒྱུ་ཞན་འགྱུར་གྱི་གནས་ཚུལ་འགྱུར་ལྡོག་གཏོང་ཐུབ་ཅེས་བསྟན་པ་རེད། སྙན་ཞུའི་ནང་རྒྱལ་ཁབ་ཁག་གིས་རྒྱུན་སྲིང་འཕེལ་རྒྱས་གཏོང་བའི་ཐོག་ནས་ས་རྒྱུར་གཡོག་བྱེད་བྱེད་པ་མ་ཟད་ས་ཆ་ཁག་གཅིག་གི་ས་རྒྱུ་ཞན་དུ་འགྲོ་བའི་གནས་ཚུལ་བཀག་འགོག་བྱེད་པ་དང་ས་རྒྱུ་གཤིན་ཚད་སླར་གསོ་བྱེད་པ་དང་། གོ་ལ་ཧྲིལ་པོའི་ས་རྒྱུའི་ནང་གི་སྐྱེ་ལྡན་དངོས་རྫས་དཔེར་ན་ས་རྒྱུའི་ནང་གི་སྐྱེ་ལྡན་ཐཱན་དང་སྐྱེ་ལྡན་དངོས་རྫས་གཞན་དག་འགའ་ཞིག་གསོག་འཇོག་བརྟན་པོ་ཡོང་བ་བྱེད་པ། གོ་ལ་ཧྲིལ་པོའི་ཏན་ལུད་དང་ལིན་ལུད་བེད་སྤྱོད་གཏོང་ཚད་བརྟན་པོ་ཡོང་བ་བྱེད་པའམ་ཡང་ན་ཉུང་དུ་བཏང་ཡང་འཚོ་བཅུད་མི་འདང་བའི་ས་ཆ་ཁག་གཅིག་ཏུ་རྫས་ལུད་སྤྱོད་ཚད་མང་དུ་གཏོང་བ། ས་རྒྱུའི་གནས་ཚུལ་དང་འགྱུར་ལྡོག་འགྲོ་ཚད་ཐད་ཀྱི་མི་རྣམས་ཀྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་གཙོ་གནད་ཐོག་བྱ་སྤྱོད་སྤེལ་བའི་རེ་འབོད་བྱས་པ་རེད། སྙན་ཞུའི་ནང་བྱ་སྤྱོད་དེ་དག་སྤེལ་བར་སྲིད་གཞུང་ནས་ཞིང་པ་སོགས་ཕྱོགས་ཁག་གིས་རྒྱ་ཁྱབ་ངང་ཞུགས་དགོས་ཞེས་བསྟན་པ་རེད།
         《འཛམ་གླིང་གི་ས་རྒྱུའི་ཐོན་ཁུངས་གནས་ཚུལ་》ཞེས་པའི་སྙན་ཞུ་དེ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྲིད་གཞུང་དབར་གྱི་ས་རྒྱུ་ལག་རྩལ་ཚོགས་ཆུང་གིས་རྩོམ་སྒྲིག་བྱས་པ་དེའི་ནང་རྒྱལ་ཁབ་བཅུ་ཕྲག་ཁ་ཤས་ཀྱི་ཚན་རིག་མཁས་ཅན་200ཙམ་གྱི་ཞིབ་འཇུག་གྲུབ་འབྲས་གཅིག་སྡུད་བྱས་ཡོད། སྙན་ཞུ་དེའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2015ལོའི“རྒྱལ་སྤྱིའི་ས་རྒྱུ་ལོའི”མཇུག་འགྲིལ་རང་བཞིན་གྱི་ལས་ཀའི་གྲུབ་འབྲས་ཤིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།