འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྲུ་གུའི་དཔེ་ཀློག་གི་དགའ་ཞེན་གསོ་སྐྱོང་བྱེད་པར་དབུན་ཀེ་ཧྭའི་དཔེ་མཛོད་ཁང་ལ་
    ཐབས་ཤེས་བཟང་པོ་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་13ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཁ་ན་ཏ་བ་རྣམས་དཔེ་དེབ་ལྟ་རྒྱུར་དགའ་བ་སྟེ་སྤྱི་སྤྱོད་རླངས་འཁོར་ནང་ལག་པ་གཅིག་ལ་དཔེ་དེབ་འཁྱེར་བ་དང་ལག་པ་གཞན་དེར་ཟོག་ཉོའི་ཁུག་མ་འཁྱེར་བའི་བདག་མོ་མཐོང་རྒྱུ་ཡོད་པ་དང་ཁོ་ཧྥེའི་ཁང་ནང་གྱོན་གོས་དར་སོ་ཅན་གྱོན་པའི་གྲོང་ཁྱེར་ཆེན་པོའི་གཞོན་ནུས་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་ལྟ་བ་རྟག་ཏུ་མཐོང་རྒྱུ་ཡོད་ལ་སྤྱི་གླིང་ནང་བགྲེས་སོང་ཚོས་ཀྱང་དཔེ་དེབ་ལྟ་བའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད། རིག་གནས་ཀྱི་རྣམ་པ་ཟབ་མོ་དེ་ལྟ་བུ་ནི་གྲོང་ཁྱེར་དཔེ་མཛོད་ཁང་གིས་བྱིས་པར་དཔེ་དེབ་ལྟ་ཀློག་གི་བློ་སྒོ་འབྱེད་པ་དང་ཁྲིད་སྟོན་བྱས་པས་ཡིན།
         《དབུན་ཀེ་ཧྭ་ཉི་མའི་ཚགས་པར་》ཐོག་ཉེ་དུས་གནས་ཚུལ་སྤེལ་བར་གཞིགས་ན། དབུན་ཀེ་ཧྭ་སྤྱི་པའི་དཔེ་མཛོད་ཁང་གིས་དུས་བཀག་ནང་གྲོགས་པོ་ཆུང་ཆུང་ཚོར་རིན་པ་མི་དགོས་པར་སྒྲུང་གཏམ་ཤོད་པའི་སྲོལ་རྒྱུན་ཡོད་མོད། འོན་ཀྱང་ཕྲུ་གུ་ཚོས་རིག་ནུས་ལག་འཁྱེར་ཁ་པར་དང་ངོས་ལེབ་གློག་ཀླད་ལ་དབྱིངས་ཚུད་པའི་དེང་གི་དུས་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་དཔེ་མཛོད་ཁང་གིས་དེང་རབས་ཚན་རྩལ་དེ་སྒྲུང་ཤོད་པའི་བརྒྱུད་རིམ་ནང་བཅུག་ནས“གྲངས་གཞིའི་སྒྲུང་གཏམ་དུས་ཚོད”བཏོན་ཏེ་དུས་བསྟུན་འཕེལ་རྒྱས་ཀྱིས་ཕྲུ་གུ་ཚོས་དཔེ་ཀློག་ལ་དགའ་པོ་བྱ་རྒྱུ་གསོ་སྐྱོང་བྱས་ཡོད།
         དབུན་ཀེ་ཧྭ་སྤྱི་པའི་དཔེ་མཛོད་ཁང་གི་ལོ་ཆུང་བྱིས་པའི་ཁུལ་གྱི་ཅིང་ལི་ཀྲུའུ་ལི·ལན་ན་ཁུའོ་ཡིས་སྨྱན་སྦྱོར་མང་པོ་སྤྱད་ནས་སྒྲུང་གཏམ་ཤོད་སྐབས་དཔེ་མཛོད་དོ་དམ་མི་སྣས་སྔར་བཞིན་གྲོགས་པོ་ཆུང་ཆུང་ཚོ་ཁྲིད་དེ་དེབ་ཀློག་པ་དང་། གཞས་གཏོང་བ། རྩེད་མོ་རྩེ་བ་བཅས་བྱས་པ་མ་ཟད། ངོས་ལེབ་གློག་ཀླད་ཀྱི་ཉེར་སྤྱོད་བརྒྱུད་རིམ་སྤྱད་ནས་ཚང་མར་སྲོག་ཆགས་སོགས་བརྙན་དཔར་དཔྱད་གཞི་བསྟན་གྱི་ཡོད་ཅེས་ངོ་སྤྲོད་བྱས།
         ཁོ་མོས་དཔེ་མཛོད་ཁང་གིས་ངོས་ལེབ་གློག་ཀླད་སོགས་སྨྱན་སྦྱོར་མང་པོའི་ལག་རྩལ་སྤྱད་ནས་གྲོགས་པོ་ཆུང་ཆུང་ཚོར་སྒྲུང་ཤོད་པ་དང་། དེང་རབས་ཁྱིམ་ཚང་གི་མངོན་ཡོད་འཚོ་བར་དམིགས་ནས་དཔེ་མཛོད་ཁང་ཕུད་ཁྱིམ་བདག་ཚོས་གྲོགས་པོ་ཆུང་ཆུང་ཚོར་དཔེ་ཀློག་བྱ་རྒྱུའི་ཁྲིད་སྟོན་བྱེད་དུ་འཇུག་གི་ཡོད་ཅེས་བཤད།
         ཁྱིམ་བདག་མང་པོ་ཞིག་གིས་ཕྲུ་གུས་སྔ་པོ་ནས་རིག་ནུས་ལག་འཁྱེར་ཁ་པར་དང་ངོས་ལེབ་གློག་ཀླད་སོགས་ཚན་རྩལ་ཐོན་རྫས་སྤྱད་ནས་དཔེ་དེབ་ཀློག་པའི་ཐད་ཁོང་ཚོའི་དགའ་ཞེན་བྱེད་ཚད་ཆུང་དུ་འགྲོ་བ་དང་ཐ་ན་ཁོང་ཚོས་གྲོགས་པོ་གྲོགས་མོ་དང་རྩེད་མོ་རྩེ་འདོད་མེད་པར་གྱུར་ནས་ཁོང་ཚོ་དང་མི་གཞན་དབར་གྱི་སྤེལ་རེས་ལ་ཤུགས་རྐྱེན་ཐེབས་པའི་སེམས་ཁྲལ་བྱེད་ཀྱི་ཡོད།
         དབུན་ཀེ་ཧྭ་སྤྱི་པའི་དཔེ་མཛོད་ཁང་གི་དོ་དམ་པ་ཨ་ཕུའུ་ལིར·ཨེན་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཇི་ལྟར་བྱས་ནས་ཕྲུ་གུ་དང་ཚན་རྩལ་ཐོན་རྫས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་མིན་དེ་གཙོ་བོ་ཁྱིམ་བདག་གི་བྱེད་ཐབས་ལ་རག་ལུས་ཡོད། “ཚན་རྩལ་ཐོན་རྫས་ཀྱིས་ཕྲུ་གུར་ཚོར་དབང་མྱོང་ཚོར་མང་པོ་སྤྲད་པས་ཁོང་ཚོས་སྦྱངས་པ་རྣམས་བབ་ཆགས་དེ་བས་ཟབ་པ་ཡོད། འོན་ཀྱང་ཕྲུ་གུར་ངོས་ལེབ་གློག་ཀླད་ཅིག་སྤྲད་དེ་ཁོང་ཚོ་སོ་སོ་རྩེད་མོ་རྩེ་རུ་འཇུག་པ་དེ་ནི་ཐབས་ཤེས་བཟང་པོ་ཞིག་མིན། ཁྱིམ་བདག་དང་ཕྲུ་གུ་མཉམ་དུ་སྤྱོད་པ་དང་། ལྟ་ཀློག་བྱེད་པ། གཞས་གཏོང་བ་བཅས་བྱེད་དགོས། སྤེལ་རེས་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་ལོ་ཚད་དེར་སླེབས་པའི་ཕྲུ་གུས་སྤེལ་རེས་ཁྲོད་སློབ་སྦྱོང་བྱེད་ཀྱི་ཡོད”ཅེས་བཤད།
         ངོས་ལེབ་གློག་ཀླད་ཉིན་བཞིན་ཁྱབ་གདལ་དུ་འགྲོ་བའི་ད་ཆར་ཁྱིམ་བདག་ཚོ་ཕྲུ་གུའི་སློབ་གསོའི་གནད་དོན་ཐད་ཐེ་ཚོམ་གྱི་གནས་སུ་གྱར་སྲིད། དབུན་ཀེ་ཧྭ་སྤྱི་པའི་དཔེ་མཛོད་ཁང་གིས་མི་རྣམས་ལ་མིག་དཔེ་ཡག་པོ་ཞིག་བསྟན་པ་སྟེ། གློག་རྡུལ་ཐོན་རྫས་སྲོལ་རྒྱུན་དཔེ་ཀློག་ནང་བཞག་ནས་ཕྲུ་གུ་ཚོས་དཔེ་མཛོད་ཁང་ལ་དགའ་ཞེན་བྱེད་སེམས་ཆེ་རུ་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།