འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་
    དཔེ་རིས་》དཔེ་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱས་པ་ལྟར་ན། ལོ་6གི་རིང་འཚོལ་བསྡུ་དང་། ལེགས་སྒྲིག དཔྱད་ཞིབ་བཅས་བྱས་པ་བརྒྱུད། 《བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དཔེ་རིས་》ཞེས་པ་ཉིན་ཤས་གོང་དངོས་སུ་དཔེ་སྐྲུན་བྱས་ནས་ཀུན་གྱི་སྤྱན་ལམ་དུ་བསྟར་པ་རེད། དཔེ་དེབ་དེར་ཡིག་འབྲུ་ཁྲི་15དང་པར་རིས་320ལྷག་ཙམ་ཡོད་པ་དེ་དག་གིས་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་323གྱི་རྒྱུན་འཛིན་བྱ་ཡུལ་དང་། ལོ་རྒྱུས་ཀྱི་འབྱུང་ཁུངས། མཚོན་སྟངས། རིག་གནས་ཀྱི་རིན་ཐང་། དེ་བཞིན་སྟོངས་ཉེའི་གནས་ཚུལ་བཅས་ཇི་མ་ཇི་བཞིན་དང་བརྒྱུད་རིམ་ལྡན་པའི་ངང་ངོ་སྤྲོད་བྱས་པར། རིག་གཞུང་རང་བཞིན་དང་། ཤེས་བྱའི་རང་བཞིན། དཔྱད་ཡིག་རང་བཞིན་བཅས་ལྡན་ཡོད།
         《བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དཔེ་རིས་》ཞེས་པའི་དཔེ་དེབ་དེའི་རྩོམ་སྒྲིག་ལས་དོན་ནི་2009ལོར་འགོ་ཚུགས་པ་དང་། 2015ལོའི་ཟླ་7པར་ཐོག་མར་དཔེ་སྐྲུན་བྱས་པ་དང་དུས་ཡུན་ལོ་6འགོར་ཡོད། དཔེ་དེབ་དེར་བོད་ལྗོངས་ཡོངས་ཀྱི་ཁག་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ཁྱོན་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་323ཚུད་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རེ་རེ་བཞིན་ཞིབ་ཚགས་དང་ཆ་ཚང་པོས་ཐོ་རུ་བཀོད་ཡོད་ཅིང་། དེ་ནི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་ཅུང་ཆ་ཚང་པོའི་ངང་ཐོག་མར་ངོ་སྤྲོད་བྱས་པའི་དཔེ་དེབ་ཅིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2006ལོར་བོད་རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཡོངས་བཤེར་ལས་དོན་སྒྲུབ་ཚུན། ཡོངས་བཤེར་བྱེད་མཁན་མི་ཐེངས་ཁྲི་3000ལྷག་བཏང་བ་དང་། ཟིན་བྲིས་རྩོམ་ཡིག་ཁྲི་10ལྷག་དང་། སྒྲ་ཐག་དང་བརྙན་ཐག་2000 འདྲ་པར་ཁྲི་45ལྷག་འཚོལ་བསྡུ་བྱས་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྣ་ཚོགས་ཀྱི་རྣམ་གྲངས་1000ལྷག་ཤེས་རྟོགས་རགས་ཙམ་ཐུབ་པ་དེ་དག་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་ཆེ་གྲས་10ལ་ཁྱབ་ཅིང་། དེའི་ནང་སྲོལ་རྒྱུན་གྱི་རོལ་དབྱངས་དང་། སྲོལ་རྒྱུན་གྱི་ཞབས་བྲོ། སྲོལ་རྒྱུན་གྱི་ལག་རྩལ། སྲོལ་རྒྱུན་གྱི་གསོ་རིག དེ་བཞིན་ཡུལ་སྲོལ་སོགས་རིགས་ཁག་གི་རྣམ་གྲངས་མང་པོ་ཡོད། བོད་ཀྱི་གསོ་རིག་དང་། ཐང་ག སྤོས་སོགས་རང་སྐྱོང་ལྗོངས་ཀྱི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་རྣམ་གྲངས་དེ་དག་གིས་རིག་གནས་ཀྱི་བསྟན་དོན་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་། མི་མུས་རྒྱུན་འཛིན་ལས་དོན་ཧུར་ཐག་སྤེལ་བས། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གཉིས་ཀར་ཕན་འབྲས་ཡག་པོ་ཐོན་ནས། ལྗོངས་ཡོངས་སུ་བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭ་དང་། བོད་ལྗོངས་ཐང་ག་གླིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གནའ་བོའི་སྒྱུ་རྩལ་ཨར་ལས་མཛེས་རིས་ཀུང་སི། སྙེ་མོའི་སྤོས་མཉམ་ལས་ཁང་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྲུང་སྐྱོབ་དང་ཐོན་སྐྱེད་གསར་སྤེལ་གཅིག་འདུས་ཀྱི་དཔེ་སྟོན་རྟེན་གཞི་མང་པོ་སྔ་རྗེས་སུ་བྱུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་སྐོར་གྱི་དཔེ་དེབ་ཅིག་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། 2016ལོར་གྲུབ་བཟོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།