འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁོངས་གཏོགས་སྒྲིག་གཞིས་ལས་སྣོན་བྱས་པའི་
    ཤ་རིགས་ཐོན་རྫས་ནི“ངན་སྐྲན་གྱི་རྒྱུ”རེད་ཅེས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཧྥ་རན་སེའི་ལི་ཨང་དུ་གནས་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་ངན་སྐྲན་ཞིབ་འཇུག་སྒྲིག་གཞིས(IARC)ཚེས་26ཉིན་འགྱིག་ཀྲུམ་དང་། ཤ་རྒྱུ། ཤ་སྐམ་པོ་སོགས་ལས་སྣོན་བྱས་པའི་ཤ་རིགས་ཐོན་རྫས་ནི“ངན་སྐྲན་གྱི་རྒྱུ”ཡིན་པ་དང་འབྲེལ་ཤ་རྗེན་དམར་པོ་བ་གླང་དང་། ར་ལུག ཕག་པ་སོགས་འོ་འཐུང་སྲོག་ཆགས་ཀྱི་ཤ་རྣམས་ལས་སྣོན་བྱས་པའི་ཤ་རིགས་ཐོན་རྫས་དང་ཧ་ལམ་མཚུངས་པའི“ངན་སྐྲན་བཟོ་ཉེན་ཆེ་ཙམ་ཡོད་པའི”བཟའ་བཅའ་ཡིན་པའི་ཁྱབ་བསྒྲགས་བྱས།
         རྒྱལ་སྤྱིའི་ངན་སྐྲན་ཞིབ་འཇུག་སྒྲིག་གཞིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་ཤིག་ནང་། རྒྱལ་ཁབ་10ནས་སླེབས་པའི་རིགས་གཅིག་མཁས་ཅན་22ཀྱིས་ད་ཡོད་ཀྱི་འབྲེལ་ཡོད་ཚན་རིག་ཞིབ་འཇུག་གྲངས་800ལྷག་ཙམ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། ལས་སྣོན་བྱས་པའི་ཤ་རིགས་ཐོན་རྫས་བཟས་ཚེ་མིའི་རིགས་ལ་རྩམ་ལོང་དང་གཞང་དཀར་ནག་གི་ངན་སྐྲན་ཕོག་སྲིད་པར་བརྟེན། སྙལ་མ་དང་། དུ་བར་བདུག་པ། སྐྱུར་བསྙལ་བྱས་པའམ། ཡང་ན་བྲོ་བ་ཆེ་རུ་གཏོང་བའམ་རུལ་འགོག་ཐག་གཅོད་བྱེད་ཐབས་ལ་བརྟེན་ནས་ལས་སྣོན་བྱས་པའི་ཤ་རིགས་ཐོན་རྫས་ནི“ངན་སྐྲན་གྱི་རྒྱུ”ཡིན་པ་དཔང་རྟགས་མང་པོས་གསལ་བཤད་བྱས་ཡོད་ཅེས་འཁོད་ཡོད།
         ལས་སྣོན་བྱས་པའི་ཤ་རིགས་ཐོན་རྫས་དེ་དག་ནང་ཕག་པ་དང་། བ་གླང་། བྱའི་རིགས་བཅས་ཀྱི་ཤས་གྲུབ་ཆ་གཙོ་བོ་བྱས་པའི་ཧལ་གོར་དང་། འགྱིག་ཀྲུམ། ཤ་རྒྱུ། དུ་བར་བདུག་པ། ཤ་སྐམ་སོགས་བཟའ་བཅའ་ཚུད་ཡོད་ལ། ཤའི་ཕག་ཀྲིན་དང་ཤ་ཁུའམ་ཡང་ན་སྨན་སྣ། དེ་བཞིན་སྲོག་ཆགས་ཀྱི་ནང་ཁྲོལ་ལམ་ཡང་ན་ཁྲག་ལས་སྣོན་བྱས་པའི་བཟའ་བཅའ་ཡང་ཚུད་ཡོད།
         སྒྲིག་གཞི་དེས་རྒྱལ་ཁབ་ཁག་གི་འཛད་སྤྱོད་པར་ཤའི་རིགས་དང་ཤ་རིགས་ཐོན་རྫས་བཟའ་བའི་གོམས་གཤིས་སྣ་ཚོགས་ཡོད་ཀྱང་། རིགས་གཅིག་མཁས་ཅན་གྱིས་གལ་སྲིད་མི་རེས་ཉིན་རེར་ཁེ་50(སྲང་1)ཡི་ཤ་རིགས་ཐོན་རྫས་བཟས་ཚེ་རྩམ་ལོང་དང་གཞང་དཀར་ནག་གི་ངན་སྐྲན་ཕོག་པའི་ཉེན་ཁ་18%མཐོ་རུ་འགྲོ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
         རྒྱལ་སྤྱིའི་ངན་སྐྲན་ཞིབ་འཇུག་སྒྲིག་གཞིའི་འགན་འཁུར་བ་ཁེ་ལི་སི་ཐུའོ་ཕུའུ·ཝུའེ་ཨེར་ཏེས། ད་རེས་ཚོད་སྐོར་བྱས་པའི་འབྲས་བུས་མི་རྣམས་ལ་ཤའི་རིགས་ཟ་ཚོད་བྱ་རྒྱུར་སྐུལ་མ་གཏོང་བའི་སྤྱི་པའི་བདེ་ཐང་གི་གྲོས་འགོར་རྒྱབ་སྐྱོར་ནུས་ལྡན་བྱེད་སྲིད་པ་དང་དུས་མཚུངས། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་རྒྱལ་སྤྱིའི་དོ་དམ་སྒྲིག་གཞིར་འབྲེལ་ཡོད་ཉེན་ཁའི་ཚོད་སྐོར་བྱས་ནས། བཟའ་བཏུང་གི་གྲོས་འགོ་དེ་བས་ལེགས་པ་ཞིག་འདོན་རྒྱུར་སྐུལ་མ་ཡང་ཐེབས་རྒྱུ་རེད་ཅེས་བཤད།
         སྨྱན་སྦྱོར་ཐོག་རྡོ་རྒྱུས་དང་། ངར་དུག ཐ་མག་སོགས་བདེ་ཐང་ལ་གནོད་འཚེ་ཡོད་པར་ཁྱབ་ཏུ་ངོས་འཛིན་བྱེད་པའི་ཐོན་རྫས་རྣམས་རྒྱལ་སྤྱིའི་ངན་སྐྲན་ཞིབ་འཇུག་སྒྲིག་གཞིས“སྐྲན་གྱི་རྒྱུའི”གྲས་སུ་བརྩིས་པའི་གནས་ཚུལ་སྤེལ་མྱོང་ཡོད། འོན་ཀྱང་སྒྲིག་གཞི་དེས་ཚེས་26ཉིན། ལས་སྣོན་བྱས་པའི་ཤ་རིགས་ཐོན་རྫས་ཀྱི་ངན་སྐྲན་ཆགས་ཚད་རྡོ་རྒྱུས་དང་། ངར་དུག ཐ་མག་བཅས་དང་འདྲ་བར་མཐོ་པོ་དེ་འདྲ་མེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།