འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྫ་སྟོད་ཀྱི་འབྲོག་པས་འབྲོག་ལས་མཉམ་ལས་ཁང་གི“ཕྱོགས་འགྱུར”ལ་བརྟེན་
    ནས་འབབ་འཕར་མངོན་གསལ་དོད་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་19ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་རྫ་སྟོད་རྫོང་ནི་རྫ་ཆུའི་ཆུ་འགོར་ཆགས་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁོངས་སུ་གཏོགས། རྫོང་དེའི་ས་བབ་མཐོ་ཚད་ཆ་སྙོམས་རྒྱ་མཚོ་ངོས་ལས་སྨི་4200ཡོད་ལ། འབྲོག་ལས་རྐྱང་པའི་རྫོང་ཡིན། རྒྱལ་ཡོངས་ཀྱི་ནེའུ་གསིང་སྣོད་བཅུད་སྲུང་སྐྱོང་དང་འབྲོག་ལས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ཡོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་2008ལོར་ནེའུ་གསིང་སྣོད་བཅུད་འབྲོག་ལས་འཛུགས་སྐྲུན་ཐོག་མར་བྱས་པར། མིག་སྔར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
         སྐྱིད་སྟོད་ཤང་ཡུལ་སྨད་གྲོང་ཚོའི་འབྲོག་ལས་མཉམ་ལས་ཁང་གིས་མིག་སྔར་ས་གནས་དེ་གའི་འབྲོག་པའི་རྩྭ་ཁ་མུའུ་ཁྲི་23འགན་གཙང་བླངས་ཡོད་པ་མ་ཟད། ད་དུང་འབྲོག་ལུག་600ལྷག་ཙམ་དང་ནོར་གནག་300ལྷག་ཙམ་གསོ་ཚགས་བྱས་ཡོད་པ་རེད།
         ཡུལ་སྨད་གྲོང་ཚོའི་འབྲོག་ལས་མཉམ་ལས་ཁང་གི་འགན་འཁུར་བ་བཀྲ་དབང་གིས། ཡུལ་སྨད་གྲོང་ཚོའི་འབྲོག་ལས་མཉམ་ལས་ཁང་ནི་2014ལོའི་ཟླ་6ཚེས་26ཉིན་བཙུགས་ཤིང་། གཙོ་བོར“འབྲོག་དུད+རྩྭ་ཁ+ངལ་ཤུགས”བཅས་བྱེད་ཐབས་གསུམ་ལ་བརྟེན་ནས“མ་རྐང་བཞག་པ”ཞིག་ཡིན་ལ། དེ་འཛུགས་སྐབས་ས་གནས་དེ་གའི་འབྲོག་དུད་དང་ལོ་བཅུའི་གན་རྒྱ་བཞག་པ་ཡིན་ཞེས་ངོ་སྤྲོད་བྱས་བྱུང་།
         “ད་ཆ་ང་ཚོའི་གྲོང་ཚོ་འདིར་མ་རྐང་འཇོག་མཁན་འབྲོག་དུད་82ཡོད། ན་ནིང་ཁོང་ཚོར‘ཕྱུགས་གསོའི་ཁེ་སྤོགས’ཁོ་ན་སྒོར་ཁྲི་80ལྷག་ཙམ་བགོས་པ་མི་རེར་ཆ་སྙོམས་སྒོར་4000བྱུང་ཡོད” “ཡོང་འབབ་མང་པོ་ཡོད་པས་འབྲོག་པ་ཚོ་ཉིན་རེ་རེ་བཞིན་ནོར་ལུག་འཚོ་བར་འགྲོ་མི་དགོས་པར་རྫོང་གྲོང་དང་ཡང་ན་དེ་ལས་ཐག་རིང་བའི་སར་ཞོར་ལས་བྱེད་དུ་འགྲོ་ཐུབ”ཅེས་བཀྲ་དབང་གིས་བཤད་བྱུང་།
         ཡུལ་སྨད་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཉི་མས་ད་ཆ་མཉམ་ལས་ཁང་དེའི་འབྲོག་ལུག་གསོ་ཚགས་བྱེད་འགན་འཁུར་ཡོད། ཁོང་གིས“སྔོན་ཆད་རྩྭ་ཁ་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡིན་མོད། ད་ཆ་གློ་བུར་དུ་ལུག་600ལྷག་ཙམ་གྱི་རྫི་བོར་གྱུར་ནས་ལོ་རེར་སྒོར་ཁྲི་བཅུ་ལྷག་ཙམ་གསོག་ཐུབ”ཅེས་བཤད་བྱུང་།
         ཡུལ་སྨད་གྲོང་ཚོའི་གྲོང་མི་དཔལ་གྲགས་ནི་བཀྲ་ཤིས་ཉི་མ་དང་མི་འདྲ་བར་སྲོལ་རྒྱུན་གྱི་འཚོ་རྟེན་ཚང་མ་མཉམ་ལས་ཁང་ལ་སྤྲད་རྗེས་མ་རྐང་བཞག་སྟེ་རང་ཉིད་ཀྱིས་རྫ་སྟོད་རྫོང་གྲོང་དུ་ཚོང་ཁང་ཞིག་གཉེར་གྱི་ཡོད། ཁོང་གིས“ལོ་རེ་བཞིན་དུས་ལ་སླེབས་སྐབས་དངུལ་ལེན་དུ་ཕྱིན་ན་ཆོག ནོར་ལུག་ལ་ནད་ཡམས་ཕོག་པ་སོགས་ཀྱི་ལས་ཀ་ཙག་ཙིག་ཚང་མར་སེམས་ཁྲལ་བྱེད་དགོས་ཀྱི་མེད”ཅེས་བཤད་བྱུང།
         ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྨད་གྲོང་ཚོར་ཁྱོན་དུད་ཚང་350ལྷག་ཙམ་དང་མི་1300ལྷག་ཙམ་ཡོད་ལ། མིག་སྔར་མི་300ལྷག་ཙམ་གྱིས་མ་རྐང་ནང་ཞུགས་རྒྱུའི་རེ་ཞུ་བྱེད་བཞིན་ཡོད། འབྲོག་ལས་མཉམ་ལས་ཁང་གིས་ནོར་ལུག་བཤས་གཏོང་བ་དང་དེ་བཞིན་འབྲོག་ལས་ཐོན་རྫས་ཕྱིར་ཚོང་གི་འགན་འཁུར་གྱི་ཡོད་པ་མ་ཟད། ད་དུང་གྲོང་མི་ཚོར་ལོ་རེར་སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་གྱི་དངུལ་སྒོར་ཁྲི་8ལྷག་ཙམ་སྤྲོད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།