འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་དཔའ་རིས་བོད་རིགས་ས་ཁུལ་གྱི་སྲོལ་རྒྱུན་འབྲོག་
    པའི“དེང་དུས་འཚོ་བ”

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་19ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཁྲི་ལེབ་རི་བོའི་རྩྭ་ཐང་གི་སྐྱས་སྤོས་འབྲོག་པ་ནས་གྲོང་ཚོ་གསར་པའི་གཞིས་ཆགས་འཚོ་བའི་བར་དཔའ་རིས་བོད་རིགས་ས་ཁུལ་གྱི་རྒད་པོ་མཱ་ལྷ་མོ་སྐྱབས་ཀྱིས་དུས་ཡུན་ལོ་གསུམ་སྤྱད་དེ“རྟ་ཐོག་གནས་སྤོས”ཀྱི་ཕ་མེས་ཀྱི་འཚོ་སྟངས་རིམ་བཞིན་དོར་བ་རེད། “ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་ནོར་ལུག་དང་མཉམ་སྡོད”ཀྱི་རྣམ་པ་སྔར་བཞིན་སེམས་ལ་འཆར་གྱི་ཡོད་མོད་འོན་ཀྱང་ཁོང་དགའ་འོས་པ་ཞིག་ནི་དེང་སྐབས་ཀྱི་འཚོ་བ་ལས་གང་ཅིར་སྟབས་བདེ་བྱུང་བ་དེ་རེད།
         བོད་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོང་ཚོ་གསར་པར་བྱེད་སྒོ་སྤེལ་ཡུལ་ཐང་ཆེན་དང་། འཕྲོད་བསྟེན་ཁང་། སྒོ་རྩིས་ཚོང་ཁང་ཆུང་གྲས་སོགས་རྨང་གཞིའི་སྒྲིག་བཀོད་གང་དགོས་ཚང་མ་འཛོམས་ཡོད།
         རྫ་མདོག་གི་རྒྱ་ཕིབས་དང་། གྱང་དཀར་པོ། སྒོ་རའི་ནང་གི་གྱང་ངོས་སུ་བོད་བཟོའི་ཉམས་འགྱུར་ལྡན་པའི་པར་རིས་དང་ཡི་གེ་བྲིས་ཡོད་པ། ཁང་པའི་ནང་དེང་རབས་ཅན་གྱི་ཁྱིམ་ཆས་སྣ་ཚོགས་གསར་དུ་ཉོས་པ་……ལོ་68ལ་སླེབས་པའི་མཱ་ལྷ་མོ་སྐྱབས་ཀྱི་སྨི་ངོས་གྲུ་300ལྷག་ཙམ་ཡོད་པའི་སྒོ་རའི་ནང་ཆེད་མངགས་ཆོས་ཁང་ཞིག་བརྒྱབ་ཡོད་པ་དང་། སྒོ་རའི་ཟུར་ཞིག་ཏུ“ས་ཞིང”ཆུང་ཆུང་ཞིག་གསར་སྦོལ་བྱས་ཡོད།
         “རི་ནས་ཐང་གཤོང་དུ་གནས་སྤོ་བྱས་པའི”གནས་སྤོས་ཡུལ་མི་བཀོད་སྒྲིག་བྱ་ཡུལ་དེ་ཀན་སུའུ་རྨ་ནུབ་དོག་ལམ་དང་ཁྲི་ལེབ་རི་བོ་ཤར་སྣེའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ས་ཁོངས་སུ་ཡོད་ཅིང་། 1949ལོ་ནས་བཟུང་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བའི་ས་ཁུལ་དང་པོ་དེ་ཡིན་པའི་ངོས་ནས། དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་ཡུལ་དེའི་གཞུང་ཕྱོགས་ཀྱིས་ལོ་མང་རིང་སྲིད་ཇུས་ལག་བསྟར་བྱེད་པའི་གཙོ་གནད་ཡིན་པ་དང་། དེས་ན་མང་ཚོགས་དབུལ་པོ་དག་ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོ་ནས་འགྲིམ་འགྲུལ་སྟབས་བདེ་བའི་ས་ཁོངས་སུ་གནས་སྤོ་བྱ་རྒྱུ་དེ་ཉེ་བའི་ལོ་ཤས་རིང་གྲུབ་འབྲས་ཐོན་པའི་ཕྱུག་འགྱུར་ལམ་བུ་ཞིག་རེད།
         མི་རབས་ནས་མི་རབས་བར་ས་བབ་མཐོ་བའི་ས་ཁུལ་དུ་འབྲོག་ལས་ལ་བརྟེན་ནས་འཚོ་བའི་འབྲོག་པ་གཞན་དག་དང་འདྲ་བར་མཱ་ལྷ་མོ་སྐྱབས་ཀྱིས་ལོ་གསུམ་གོང་མི་དམངས་ཤོག་སྒོར་ཁྲི་8ཙམ་བཏང་ནས་སྒོ་ར་ཡོད་པའི་ཁང་པ་གཅིག་ཉོས་པ་དང་། གཞན་ཡང་ཁོང་ལ་ད་དུང་རིན་སྤྲོད་མི་དགོས་པར་ཉི་འོད་དྲོད་ཁང་ཆེ་མོ་གཉིས་དང་ལུག་ཚང་གཅིག་བྱུང་བ་དེ་དག་སླད་ཕྱིན་གྱི་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་འབྱུང་ཁུངས་ཤིག་རེད།
         “ལོ་ལྟར་རྩམ་པ་ཟ་བ་དང་། རི་རྩྭ་འཐུ་བ། འགྲོ་ལམ་ཤར་གཏོང་མེད་པ། ནད་ལྟ་ས་མེད་པ། གང་སར་འཐུང་ཆུ་འཚོལ་དགོས……” མཱ་ལྷ་མོ་སྐྱབས་ཀྱིས་དེ་སྔ་ས་བབ་མཐོ་བའི་རྩྭ་ཐང་གི་འཚོ་བར་ཕྱིར་དྲན་བྱེད་སྐབས“དཀའ་ངལ་ཆེན་པོ་ཡོད”ཅེས་ཤོད་ཀྱི་འདུག ཁོང་གིས་ཐང་གཤོང་དུ་གནས་སྤོས་བྱས་མ་ཐག་པའི་སྐབས་དེ་སྔའི་སྐྱས་སྤོས་འཚོ་བ་སེམས་ལ་ཐེངས་མང་འཆར་གྱི་ཡོད་མོད། འོན་ཀྱང་ཟས་གོས་འགྲོ་སྡོད་སོགས་གཞི་རྩའི་དཀའ་གནད་ཐག་གཅོད་བྱས་པའི་དེང་དུས་འཚོ་བར་སྔར་བས་རེ་བས་ཁེངས་འདུག་ཅེས་བཤད།
         “འདི་ནས་རྫོང་གྲོང་དབར་བར་ཐག་སྤྱི་ལེ་བཅུ་ཙམ་ལས་མེད་པས་བཏུང་བྱའི་ཤེལ་དམ་བསྒྲུགས་ནས་འཚོང་གི་ཡོད”མཱ་ལྷ་མོ་སྐྱབས་ཀྱིས་དེ་སྔོན་རང་ཉིད་ཀྱིས་འགྲིམ་མྱོང་བའི་འཕོ་འགྱུར་ཐད་ད་ཆ་ཞིང་འབྲོག་པས་གཞི་རྩའི་འཚོ་གནས་ཀྱི་གནད་དོན་ཆེད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་སྟབས་གསོ་ཚགས་དང་འདེབས་ལ་བྱེད་པ་དང་ཕྱིར་གླ་པར་བསྐྱོད་པའི་དུས་ཚོད་འདང་ངེས་དང་སེམས་ཤུགས་ཆེན་པོ་ལྡན་ཡོད་ཅེས་སེམས་འགུལ་ཐེབས་པའི་ངང་བཤད།
          མཱ་ལྷ་མོ་སྐྱབས་ཀྱིས་མིག་སྔའི་གཞིས་ཆགས་འཚོ་བ་སྐྱེལ་སྟངས་གོམས་འདུག་ཅེས་བཤད་མོད། འོན་ཀྱང་རླབས་ཕྲན་ཐབ་དང་། ཉི་ཐབ། རིག་ནུས་བརྙན་འཕྲིན་སོགས་དེ་སྔ་མཐོང་མྱོང་མེད་པའི་ཁྱིམ་སྤྱོད་གློག་ཆས་འགའ་ཞིག་ཡག་པོ་སྤྱོད་ཐུབ་ཀྱི་མེད། “དེང་དུས་ཀྱི་འཚོ་བར་དངོས་པོ་ཡག་པོ་ཤིན་ཏུ་མང་བས་དེ་དག་སྤྱོད་སྟངས་རིམ་བཞིན་སྦྱོང་དགོས་ཀྱི་འདུག”ཅེས་ཁོང་གིས་གད་མོ་དགོད་བཞིན་བཤད།
         གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་གསུམ་ནང་དཔའ་རིས་རྫོང་གིས་བསྡོམས་མ་དངུལ་སྒོར་དུང་ཕྱུར་9ཙམ་བཏང་སྟེ་འབྲོག་པས་གཙོས་པ་མང་ཚོགས་དབུལ་པོ་ཡུལ་གཞན་དུ་གནས་སྤོ་བྱས་པར། རིམ་རྩིས་བྱས་ན་གནས་སྤོས་ཡུལ་མི་དུད་ཚང་7052དང་མི་ཁྲི་3.2ཡོད། མིག་སྔར་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དཀའ་བ་དང་། ཕྱུག་འགྱུར་དཀའ་བ། འཕེལ་རྒྱས་གཏོང་དཀའ་བ་བཅས་ཀྱི་གནད་དོན་བསལ་ནས། ཡུལ་དེའི་དབུལ་སྐྱོར་གསར་སྤེལ་འཕེལ་རིམ་མགྱོགས་སུ་ཕྱིན་ནས་དཔལ་འབྱོར་དང་། སྣོད་བཅུད། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།