འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀེ་རི་སེའི་ཙུང་ལིས་གྲོས་མཐུན་ལས་རྒྱལ་ཁབ་འདི་ཉིད་ཡོ་སྒོར་ཁུལ་ནས་ཕྱིར་འཐེན་བྱེད་
    པའི་ཉེན་ཁ་ལས་གཡོལ་ཐུབ་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་15ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན་ཀེ་རི་སེའི་ཙུང་ལི་ཆི་ཕུའུ་ལ་སིས་ཉིན་དེར་ཡོ་སྒོར་ཁུལ་གྱི་འགོ་གཙོའི་ཚོགས་འདུའི་ཐོག་བཞག་པའི་ཀེ་རི་སེའི་བུ་ལོན་གྱི་གནད་དོན་ཐག་གཅོད་བྱེད་པའི་གྲོས་མཐུན་དེ་ནི་འགྲིག་ཆགས་དཀའ་བ་ཞིག་ཡིན་པ་དང་ལག་བསྟར་བྱེད་སྐབས་ཀྱང་དཀའ་ངལ་ཧ་ཅང་མང་པོ་འཕྲད་རྒྱུ་རེད། འོན་ཀྱང་ཀེ་རི་སེས་ཡོ་སྒོར་ཁུལ་ནས་ཕྱིར་འཐེན་བྱེད་པའི་ཉེན་ཁ་མེད་པར་འགྱུར་ཡོད་ཅེས་བཤད་པ་རེད།
         ཀེ་རི་སེའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཆི་ཕུའུ་ལ་སི་པུ་རུ་སེར་དུ་ཡོ་སྒོར་ཁུལ་གྱི་འགོ་གཙོའི་ཚོགས་འདུར་ཞུགས་རྗེས་གསར་དུ་བཞག་པའི་གྲོས་མཐུན་དེ་ཧ་ཅང་འགྲིག་ཆགས་དཀའ་བ་ཞིག་ཡོད། འོན་ཀྱང་ཀེ་རི་སེས་རྒྱལ་ཁབ་ཀྱི་རྒྱུ་ནོར་ཕྱི་རྒྱལ་གྱི་སྒྲིག་གཞིས་རྩིས་ལེན་བདག་སྤྲོད་བྱེད་པ་ལས་གཡོལ་ཐུབ་པ་བྱུང་ལ་འཁོར་རྒྱུག་རང་བཞིན་གྱི་མ་དངུལ་ཁ་ཐང་བ་དང་དངུལ་རྩའི་མ་ལག་རྩ་ཐོར་དུ་འགྲོ་བ་ལས་ཡོལ་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།
         ཆི་ཕུའུ་ལ་སིས་ཀེ་རི་སེའི་མི་དམངས་ཀྱིས་གྲོས་མཐུན་དེར་རྒྱབ་སྐྱོར་བྱ་རྒྱུ་དང་དཔལ་འབྱོར་འཕར་སྟངས་སླར་གསོ་བྱེད་པའི་ཀེ་རི་སེའི་སྲིད་གཞུང་གི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པའི་ཡིད་ཆེས་ཡོད། ཁོང་གིས་སྤྱི་ཚོགས་ཧྲིལ་པོར་ཕན་པའི་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་ཁས་ལེན་ཡང་བྱས་པ་རེད།
         ཆུ་ཚོད་17རིང་གྲོས་མོལ་བྱས་པ་བརྒྱུད་ཡོ་སྒོར་ཁུལ་གྱི་འགོ་ཁྲིད་པའི་དབུ་ཚོགས་ཐོག་ཚེས་13ཉིན་གྱི་སྔ་དྲོ་ཀེ་རི་སེའི་བུ་ལོན་གྱི་གནད་དོན་སྐོར་གྲོས་མཐུན་བཞག་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གྲོས་མཐུན་གྱི་ནང་དོན་གཙོ་བོའི་གྲས་སུ་ཀེ་རི་སེའི་གྲོས་ཚོགས་ཀྱིས་ཚེས་15ཡི་གོང་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པར་གྲོས་འཆམ་བྱ་རྒྱུ་ཚུད་པ་དེའི་ནང་རིན་ཐང་ཡོ་སྒོར་དུང་ཕྱུར་500རི་བའི་གཞུང་ཁོངས་རྒྱུ་ནོར་དེ་ཨ་ཐེན་སིར་བཙུགས་པའི་ཐེབས་རྩར་གཏའ་འཇོག་བྱ་རྒྱུ་དང་བུན་བདག་གིས་ཀེ་རི་སེར་གོང་གསལ་གྱི་ཁས་ལེན་དེ་དག་ལག་བསྟར་བྱས་རྗེས་དེར་ཡོ་སྒོར་དུང་ཕྱུར་820ནས་860བར་གྱི་རོགས་སྐྱོབ་མཁོ་འདོན་བྱ་རྒྱུའི་ཁས་ལེན་བྱས་པ་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།