འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་སྐབས་དགུ་པའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་སྐབས་
    དྲུག་པའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་
    བརྒྱུད་སྤྲོད་སི་ཁྲོན་ཀོང་ཨན་དུ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་ཀྱི་སྐབས་དགུ་པའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་སྐབས་དྲུག་པའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མེ་མཆོག་ལེན་པའི་མཛད་སྒོ་དང་ས་ཚིགས་དང་པོའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་སི་ཁྲོན་ཀོང་ཨན་དུ་གཉེར་བ་དང་དཔལ་འབར་བརྒྱུད་སྤྲོད་ཧྲིལ་པོ་ཟླ་དགུ་པ་བར་རྒྱུན་མཐུད་རྒྱུ་ཡིན་པ་རེད།
         ཉིན་དེར་ཀོང་ཨན་དུ་ཆར་པ་སིམ་སིམ་བབས་ནའང་གྲོང་མི་དང་སློབ་མ་མང་པོ་ཞིག་སྔ་ས་ནས་གཞུང་ལམ་གྱི་གཡས་གཡོན་དུ་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་ལ་བསྔགས་སྐུལ་བྱེད་པར་སླེབས་ཡོད། ལས་དོན་མི་སྣས་ཤིང་གཙུབས་མེ་ལེན་གྱི་སྲོལ་རྒྱུན་ཐབས་ཤེས་བརྒྱུད་མེ་མཆོག་སྤར་རྗེས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་གཅིག་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་གཅིག་གིས་ལག་ཏུ་དཔལ་འབར་འཁྱེར་ནས་མེ་མཆོག་བདེ་བླག་ངང་བླངས་པ་རེད།
         རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུང་ཅན་ཀྲུང་གིས་རྒྱ་ཆེའི་དབང་པོ་སྐྱོན་ཅན་ལུས་རྩལ་བྱེད་སྒོའི་ནང་ཞུགས་པས་གཟུགས་གཞི་ཇེ་ཐང་དུ་སོང་བ་དང་། བསམ་པར་བག་ཆགས་བཟང་པོ་ཐེབས་པ། བློ་སྟོབས་ལ་སྦྱོང་བརྡར་ཐེབས་ནས་ཡར་ཐོན་ལྷུར་ལེན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་གཉེར་བ་དེས་སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་ལ་དོ་ཁུར་བྱེད་པ་དང་ཏང་དང་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་གཅེས་སེམས་འཆང་བ་གཅིག་ཏུ་འདུས་ཡོད་པས་དབང་པོ་སྐྱོན་ཅན་དེ་བས་མང་བས་ལུས་རྩལ་ལས་བྱུང་བའི་སྤྲོ་སྣང་ཚོར་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་ཨན་ས་ཚིགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ལམ་ཐིག་ཧྲིལ་པོར་ལམ་ཐག་སྤྱི་ལེ་2.6དང་ཁྱོན་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་30དེའི་ནང་ཞུགས་པའི་ཁྲོད་དབང་པོ་སྐྱོན་ཅན་གྱིས་བཅུ་ཆ་དྲུག་ཙམ་བཟུང་བ་དང་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་ཚང་མས་སྨི་86ཙམ་བསྐྱོད་དགོས་ཀྱི་ཡོད། དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་ཐོག་མ་ནི་ལུས་སྨད་ཞ་རིལ་ཡིན་པའི་ཀོང་ཨན་གྱི་ཞིང་པ་ལི་ཅེ་ཝུན་ཡིན་པ་རེད།
         རྒྱལ་ཡོངས་ཀྱི་སྐབས་དགུ་པའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་སྐབས་དྲུག་པའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཟླ་9ཚེས་12ནས་ཚེས་19ཉིན་བར་སི་ཁྲོན་དུ་གཉེར་རྒྱུ་ཡིན་ཞིང་། ལུས་རྩལ་འགྲན་ཚོགས་དེ་གཉིས་ཟླ་སྒྲིལ་བཏང་ནས་ཐོག་མར་གཉེར་རྒྱུ་དང་དེར་འགྲན་བསྡུར་རྣམ་གྲངས་མང་བ་དང་རྣམ་གྲངས་ཁག་ཅིག་སྔོན་ཚུད་ལྟར་ན་ཟླ་བཞི་པའི་ཟླ་དཀྱིལ་ནས་ཟླ་ལྔ་པའི་ཟླ་དཀྱིལ་དུ་འགོ་བཙུགས་ཡོད། དཔལ་འབར་དེ་སི་ཁྲོན་ཀོང་ཨན་དང་། མན་དབྱང་། སུའེ་ཉིང་། མེ་ཧྲན། ཁྲེང་ཏུའུ་བཅས་སུ་གཅིག་རྗེས་གཉིས་མཐུད་ངང་བརྒྱུད་སྤྲོད་བྱ་རྒྱུ་དང་ཟླ་6ཚེས་6ཉིན་ནས་ཟླ་9ཚེས་12ཉིན་བར་རྒྱུན་མཐུད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།