འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་རིགས་ས་ཁུལ་གྱི་འགྱུར་ལྡོག་ཆེན་པོ་མི་དེ་བས་མང་བས་མཐོང་ཐུབ་པ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་07ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་ཡོ་རོབ་རྒྱལ་ཁབ་ཁག་གི་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་གཙོའི་མཉམ་འབྲེལ་འཚམས་འདྲི་ཚོགས་པས་སི་ཁྲོན་དུ་རྟོག་ཞིབ་གླེང་མོལ་བྱེད་པའི་ཚོགས་འདུ་ཁྲེང་ཏུར་འཚོགས་པ་དང་འཚམས་འདྲི་ཚོགས་པའི་ཁོངས་མིས་སི་ཁྲོན་བོད་རིགས་ས་ཁུལ་དུ་ལྟ་སྐོར་འཚམས་འདྲི་བྱེད་སྐབས་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་ཆབས་ཅིག་དེ་མཚུངས་ཀྱི་གྲོས་འགོའང་བཏོན་པ་རེད།
         ཟླ་5ཚེས་30ནས་ཟླ་6ཚེས་2ཉིན་བར་འཚམས་འདྲི་ཚོགས་པས་རྔ་པ་ཀྲོའུ་ཡི་ཟུང་ཆུ་དང་། མཛོད་དགེ ཧུང་ཡོན། འབར་ཁམས། ལིས་རྫོང་། དབུན་ཁྲོན་སོགས་སུ་བསྐྱོད་དེ་སི་ཁྲོན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་ཉམས་སུ་མྱོང་ཡོད། གླེང་མོལ་ཚོགས་འདུའི་ཐོག་འཚམས་འདྲི་ཚོགས་པའི་ཁོངས་མིས་ས་གནས་ས་ཐོག་ཏུ་ལྟ་སྐོར་འཚམས་འདྲི་བྱས་པ་བརྒྱུད་སི་ཁྲོན་ཞིང་ཨུད་ཀྱིས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་། དམངས་འཚོ། བརྟན་ལྷིང་བཅས་ཀྱི་དོན་ཆེན་གསུམ་སྤྱི་འདོམས་ཐོག་དམ་འཛིན་ཡག་པོ་བྱས་པས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མྱོང་ཚོར་ཏན་ཏིག་བྱུང་བ་དང་། བོད་རིགས་ས་ཁུལ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་ཕན་སྲིད་ཇུས་ཀྱི་བཀའ་དྲིན་ཚོར་བ་དང་ཞི་མཐུན་འཚོ་བར་གཅེས་སྤྲད་བྱེད་པ་མྱོང་ཚོར་ཟབ་མོ་བྱུང་། “ང་ཚོས་ངེས་པར་དུ་མཐོང་ཐོས་མྱོང་གསུམ་རང་ཉིད་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྤྱི་ཚོགས་མི་སྣ་དང་ཉེ་འཁོར་གྱི་གྲོགས་པོར་ངོ་སྤྲོད་བྱ་རྒྱུ་ཡིན”ཞེས་བརྗོད་པ་དང་ཆབས་ཅིག ཁོང་ཚོས་ད་དུང་ས་གནས་དེ་གའི་བོད་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བྱས་ནས་ལས་དོན་དེ་བས་ལེགས་པའི་ངང་སྤེལ་ཐུབ་པ་བྱེད་པ་དང་། རྔ་པའི་ཡུལ་སྐོར་ཐོན་ཁུངས་སྔར་བས་ཁྱབ་གདལ་བཏང་ནས་རྒྱལ་ཕྱིའི་ཡུལ་སྐོར་བ་དེ་བས་མང་བ་སི་ཁྲོན་བོད་རིགས་ས་ཁུལ་གྱི་མཛེས་སྡུག་ཉམས་སུ་མྱོང་བར་ཡོང་རྒྱུའི་ཡིད་དབང་འགུག་པ། ཕྱི་རྒྱལ་ལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དེ་བས་མང་བས་སི་ཁྲོན་བོད་རིགས་ས་ཁུལ་གྱི་འགྱུར་ལྡོག་ཆེན་པོ་མཐོང་ཐུབ་པ་བྱེད་པ་བཅས་ཀྱི་གྲོས་འགོའང་བཏོན་ཡོད།
         སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་ཡོད་འགན་འཁུར་བས་འཚམས་འདྲི་ཚོགས་པར་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་དབྱང་དང་སི་ཁྲོན་གྱིས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བར་འབད་བརྩོན་ཆེན་པོ་བྱས་པ་ངོ་སྤྲོད་བྱས་པ་དང་ཆབས་ཅིག ད་རེས་རྔ་པར་རྟོག་ཞིབ་བྱས་པ་བརྒྱུད་ཡོ་རོབ་རྒྱལ་ཁབ་ཁག་གི་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་གཙོས་བོད་རིགས་ས་ཁུལ་གྱི་དོན་དངོས་གནས་ཚུལ་དང་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བར་བྱུང་བའི་འགྱུར་ལྡོག་ལ་ཕྱོགས་ཡོངས་ནས་རྒྱུས་མངའ་དང་ངོས་འཛིན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         འགན་འཁུར་བ་དེས་ཡོ་རོབ་དང་ཀྲུང་གོའི་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་རྒྱུར་སྐུལ་མ་གཏོང་བར་གཞོལ་ནས་གཙོ་ཤུགས་དམག་དང་སྟོབས་གསར་དམག་གི་ནུས་པ་འདོན་གྱི་ཡོད་པས་ཡོ་རོབ་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ཁག་གིས་སི་ཁྲོན་དང་འགྲོ་འོང་སྤེལ་རེས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བོད་རིགས་ས་ཁུལ་ལ་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་དྲིལ་བསྒྲགས་གང་ལེགས་བྱ་རྒྱུའི་རེ་བའང་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།