འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཁྲིའི་གངས་ལྗོངས་ཁམ་བུའི་མེ་ཏོག་མཛེས་ལྗོངས་ལས་ཕྱོགས་བཞི་མཚམས་བརྒྱད་
    ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་15ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། ཀླུམཚོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་འབྲེལ་ཡོད་གཞི་གྲངས་ལས་མཚོན་པར་གཞིགས་ན། དཔྱིད་དུས་མེ་ཏོག་ལ་ལྟ་བར་བསྐྱོད་རྒྱུ་དེ་མི་རྣམས་ཀྱི་དཔྱིད་ཀའི་སྤྲོ་གསེང་གི་གདམ་ག་གཙོ་བོར་འགྱུར་པ་དང་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་གངས་ལྗོངས་ཁམ་བུའི་མེ་ཏོག་མཛེས་ལྗོངས་དེ་རྒྱལ་ནང་གི་མེ་ཏོག་ལ་ལྟ་བའི་ཡུལ་སྐོར་དམིགས་ས་ཆེ་གྲས་བཅུའི་ནང་ཚུད་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་མི་རྣམས་ཀྱིས་དཔྱིད་ཀའི་སྤྲོ་གསེང་སྐབས་ཀྱི་དགའ་ཤོས་ནི་མེ་ཏོག་ལ་ལྟ་རྒྱུ་དེ་ཡིན་པ་དང་དེའི་ནང་མེ་ཏོག་དབྱིན་ཧྭ་དང་། པད་ཁ་མེ་ཏོག ཁམ་བུའི་མེ་ཏོག་སོགས་ལ་ལྟ་བར་བསྐྱོད་རྒྱུ་དེ་ད་ལོའི་ཡུལ་སྐོར་གྱི་བརྗོད་བྱ་གཙོ་བོར་གྱུར་ཞིང་། རྒྱལ་ནང་གི་སྐད་གྲགས་ཆོད་པའི་མེ་ཏོག་ལ་ལྟ་བའི་ཡུལ་སྐོར་ས་ཚིགས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚུལ་གཞིར་བཟུང་མེ་ཏོག་ལ་ལྟ་བའི་རྒྱལ་ནང་གི་ཡུལ་སྐོར་དམིགས་ས་ཆེ་གྲས་བཅུ་ཁྱབ་སྤེལ་བྱས་པ་དེའི་ནང་བོད་ཀྱི་ཉིང་ཁྲི་ཚུད་ཡོད་པ་རེད། ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་གངས་ལྗོངས་ཁམ་བུའི་མེ་ཏོག་མཛེས་ལྗོངས་དེ་ཡུལ་སྐོར་དང་པར་རྒྱག་ལ་དགའ་པོ་བྱེད་མཁན་ཚོའི་ངོས་ནས་བརྗོད་ན་འགོག་ཐབས་བྲལ་བའི་ཡིད་དབང་འགུགས་ཤུགས་ལྡན་ཡོད་པ་རེད།
         ཉིང་ཁྲིའི་ཁམ་བུའི་མེ་ཏོག་སྐོར་བརྗོད་སྐབས་ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་འགན་ཁུར་བས་ཉིང་ཁྲིའི་ཁམ་སྡོང་དེ་ས་མཐོའི་ཤིང་རིགས་ཤིག་ཡིན་པས་དེའི་ཤིང་སྡོང་དང་མེ་ཏོག་ནི་ནང་སའི་ཁམ་སྡོང་དང་མི་འདྲ་བར་མེ་ཏོག་བཞད་པའི་དུས་ཡུན་སྤྱིར་བཏང་ཉིན་20ཙམ་རེད། ཟླ་གསུམ་པའི་ཟླ་སྟོད་ནས་ཟླ་བཞི་པའི་ཟླ་སྨད་བར་ཉིང་ཁྲིའི་ས་ཆ་གང་སར་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་གིས་ཁེངས་ཡོད། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེར་བརྟེན་ནས་2002ལོ་ནས་བཟུང་ས་གནས་དེས་ལོ་ལྟར་ཁམ་བུའི་མེ་ཏོག་དུས་ཆེན་གྱི་བྱེད་སྒོ་ཐེངས་རེ་སྤེལ་གྱི་ཡོད་པ་དང་ད་ལོ་སྐབས་བཅུ་གསུམ་པ་རེད་ཅེས་ངོ་སྤྲོད་བྱས་ནས་བཤད།
         འགན་འཁུར་བ་དེས་ད་ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་བྱེད་སྒོ་སྤེལ་སྐབས་ཀ་ལ་གྲོང་ཚོར་ཚོགས་ར་གཙོ་བོ་བཙུགས་པ་ཕུད། སྨན་གླིང་རྫོང་དང་། སྤོ་བོ་རྫོང་། ཀོང་པོ་རྒྱ་མདའ་རྫོང་སོགས་རྫོང་ཁག་གི་མཛེས་ལྗོངས་ཁུལ་གཙོ་བོར་ཡན་ལག་ཚོགས་ར་བཙུགས་ནས་ཁམ་བུའི་མེ་ཏོག་མཛེས་ལྗོངས་ལོངས་སྤྱོད་བྱེད་པར་ཡོང་མཁན་གྲོགས་པོ་ཚོར་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་དང་ལྟ་ན་སྡུག་པའི་མཛེས་ལྗོངས་མཉམ་དུ་བསྲེས་པའི་རིག་གནས་གསོལ་སྟོན་ཞིག་གྲ་སྒྲིག་བྱས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།