འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་ཚབ་ཚོགས་པས་
    ཝུན་ཀོ་ཧྭ་གྲོང་ཁྱེར་དུ་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་04ཉིན། 08:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་གཙོ་གནང་བའི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་ཚབ་ཚོགས་པ་ཟླ་༡༡ཚེས་༣༠ཉིན་ཁ་ན་ཏ་རྒྱལ་ཁབ་ཀྱི་ཝུན་ཀོ་ཧྭ་གྲོང་ཁྱེར་དུ་འབྱོར་ནས་ཁ་ན་ཏ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ལ་དུས་ཡུན་གཟའ་འཁོར་གཅིག་རིང་གི་མཛའ་གྲོགས་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།
         ཉིན་དེའི་དགོང་མོར་ཁུལ་དེ་གའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ་དང་སྨྱན་སྦྱོར་ཚན་པའི་འཐུས་མིས་གཉེར་བའི་བཞུགས་མོལ་ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་ལོ་རྒྱུས་དང་ད་ཆའི་གནས་ཚུལ། ལྷག་དོན་དུ་ཉེ་བའི་ལོ་ཤས་རིང་གི་འཕོ་འགྱུར་གསར་པ་བྱུང་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་། ཁོང་གིས་ཀྲུང་དབྱང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག་དུས་ཐུང་ལོ་བཅུ་གྲངས་ཁ་ཤས་ནང་བོད་རང་སྐྱོང་ལྗོངས་སུ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་གོང་འཕེལ་བྱུང་བ་དང་། མིག་སྔར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད་ཅེས་གསུངས་པ་རེད།
         ཁོང་གིས་ན་ནིང་བོད་ལྗོངས་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་༡༢%ཟིན་པ་དང་ཞིང་འབྲོག་པར་འབབ་འཕར་བྱུང་ཚད་༡༥%ཟིན་ཡོད། འདི་ལོ་ཡང་ན་ནིང་བཞིན་འཕར་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་བཟོ་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་གྲུབ་འབྲས་ནི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གང་ལེགས་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐོབ་པ་ཞིག་རེད། བོད་རང་སྐྱོང་ལྗོངས་ནི་ཀྲུང་གོ་དང་ཨེ་ཤེ་ཡའི“ཆུ་གསོག་མཐོ་ལྕོག”ཅིག་ཡིན་ལ་ཀྲུང་གོའི་ས་ཆ་གཙང་ཤོས་ཀྱང་ཡིན་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བར་བརྟེན་ནས་དཔལ་འབྱོར་གོང་འཕེལ་ཡོང་ཐབས་བྱེད་སྲིད་ཀྱི་མ་རེད། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་ས་ཆའི་གསུམ་ཆ་གཅིག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁུལ་དུ་བཅུག་ནས་གསར་སྤེལ་བྱེད་དུ་འཇུག་གི་མེད་ལ་གཏོར་བཤིག་དེ་བས་གཏོང་དུ་འཇུག་གི་མེད། སྒྲོ་འདོགས་གང་ཡང་མེད་པའི་སྒོ་ནས་བརྗོད་ཚེ་བོད་ལྗོངས་ས་ཁུལ་ནི་འཛམ་གླིང་ཐོག་ཁོར་ཡུག་སྲུང་སྐྱོང་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་གཞི་རྩའི་ཆར་ཁོར་ཡུག་ལ་གཏོར་སྐྱོན་བྱུང་མེད་ཅེས་གསུངས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་ང་རང་ཡང་ཞིང་འབྲོག་པའི་བུ་ཕྲུག་ཅིག་ཡིན། རྒྱལ་ཁབ་ཀྱིས་གསོ་སྐྱོང་དང་རང་གི་འབད་བརྩོན་ལ་བརྟེན་ནས་འགོ་ཁྲིད་ལས་གནས་ཐོག་སླེབས་བྱུང་། ལོ་དེ་དག་ནང་བོད་རང་སྐྱོང་ལྗོངས་སུ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་གོང་འཕེལ་ཧ་ཅང་ཆེན་པོ་ཕྱིན་ཡོད། བོད་ལྗོངས་ཀྱི་མི་དམངས་ལ་རང་གི་འཇོན་ཐང་ལ་བརྟེན་ནས་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་ཡོད། ཡིན་ནའང་བློ་ཕམ་པ་ཞིག་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་བོད་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་ཤེས་རྟོགས་མི་ཐུབ་པ་མ་ཟད། ཐ་ན་ནོར་འཛོལ་ཐེབས་པའི་གནས་ཚུལ་ཐོན་ཡོད། དེའི་རྒྱུ་རྐྱེན་གྱི་གྲས་ཤིག་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་སྡེ་ཚན་གྱི་བདེན་པ་མིན་པའི་འཕྲིན་སྤེལ་གྱི་ཤུགས་རྐྱེན་ཕོག་པ་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་དགྲ་ཡའི་ཕྱོགས་གཏོགས་ཉུང་ཤས་ཀྱིས་རྐང་བཙུགས་ནས་འཁྱོག་བཤད་བྱས་པ་ལས་བྱུང་བ་ཞིག་རེད། གལ་ཏེ་ཁྱེད་སྐུ་ངོ་མ་བོད་དུ་ཕེབས་ནས་མཁྱེན་རྟོགས་གནང་ཚེ་བོད་ལྗོངས་ཁྱོན་ཡོངས་དང་ཡང་དག་ངང་ཤེས་རྟོགས་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཝུན་ཀོ་ཧྭ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་འཐུས་ཚབ་ཚོགས་པ་ཁ་ན་ཏ་དང་ཨ་རི་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱེད་སའི་ས་ཚིགས་དང་པོ་དེ་ཡིན་པ་དང་། དེ་རྗེས་ཁོང་ཚོས་ད་དུང་ཨོ་ཐེ་ཝ་དང་། ཏུའོ་ལུན་ཏུའོ། ཨ་རིའི་ཝ་ཧྲིང་ཐོན་དང་ཉིའུ་གཡོད་བཅས་སུ་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།