འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐད་ཡིག་གི་སློབ་ཁྲིད་སྒྱུར་བཅོས་ཇི་ལྟར་བྱ་དགོས་པའི་སྐོར་ཅུང་ཟད་གླེང་བ།

    གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆ་ཚང་སློབ་ཆུང་། ཆུང་སྐྱིད་ནས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་03ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དེང་སྐབས་ཏང་གི་སྲིད་ཇུས་བཟང་པོའི་འོག་ཁ་བའི་ལྗོངས་འདིའི་སྤྱི་ཚོགས་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཁྱད་པར་དུ་ཚན་རྩལ་དང་སློབ་གསོའི་བྱ་གཞག་ཡར་ངོའི་ཟླ་ལ་འགྲན་བཞིན་ཡོད་པ་ནི་དཔྱོད་ལྡན་སྐྱེ་བོ་ཀུན་གྱིས་མགྲིན་གཅིག་ཏུ་ཁས་ལེན་བྱེད་པའི་དངོས་དོན་འབའ་ཞིག་ཡིན། དེང་གི་ཆར་བོད་དུ་རྒྱལ་ཡོངས་ས་ཕྱོགས་ཀུན་དང་འདྲ་བར་བྱང་ཚད་སློབ་གསོ་སྒོ་ཀུན་ནས་སྤེལ་བ་དང་། སློབ་གསོའི་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་ཆེད། བསླབ་གཞི་གསར་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་ཤུགས་ཆེན་བྱེད་པའི་ཚ་རླབས་དགུང་དུ་འཕྱུར་བཞིན་ཡོད་ལ། སྲོལ་རྒྱུན་གྱི་སློབ་ཁྲིད་རྣམ་པར་སྙིགས་དོར་བཅུད་ལེན་དང་། ལེགས་སྤེལ་ཉེས་འགོག་གིས་སྒྱུར་བཅོས་བྱས་ཐོག་བསླབ་གཞི་གསར་པའི་ནང་དོན་དང་འཚམས་པའི་སློབ་ཁྲིད་ཐབས་ལམ་འཚོལ་ཞིབ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་བ་ཞིག་ལགས་སོ།
         བོད་ཡིག་གི་བསླབ་གཞི་གསར་པའི་ཚད་གཞི་ནི་སྐད་ཡིག་སློབ་གསོར་མཛུབ་ཁྲིད་བྱེད་མཁན་ཞིག་ཡིན་ལ། དེ་བོད་སྐད་ཡིག་སློབ་གསོའི་འགོ་འཛུགས་ས་དང་དོན་བབས་ས་ཞིག་ཀྱང་རེད། སློབ་ཁྲིད་ནི་བོད་སྐད་ཡིག་བྱང་ཚད་སློབ་གསོའི་དམིགས་ཚད་མངོན་འགྱུར་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།
         བསླབ་གཞི་གསར་པའི་བསམ་གཞིའི་འོག  སློབ་ཁྲིད་ནི་དགེ་རྒན་གྱིས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་རྨང་གཞིའི་ཐོག་སློབ་ཕྲུག་ཚོར་སློབ་སྦྱོང་གི་བྱེད་སྒོ་ཕུན་སུམ་ཚོགས་པོ་བཀོད་སྒྲིག་བྱ་རྒྱུ་དེ་ཡིན། དེས་ན་དགེ་རྒན་གྱིས་སློབ་ཁྲིད་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། ངེས་པར་དུ་སློབ་ཕྲུག་ཚང་མར་འཚམས་པའི་སློབ་ཁྲིད་ཀྱི་ཡུལ་རྣམ་བསྐྲུན་རྒྱུར་འབད་བརྩོན་བྱས་ནས་སློབ་ཁྲིད་རྣམ་པ་དེ་བསླབ་གཞི་གཙོ་བོར་འཛིན་པ་ནས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་འཛིན་པར་ཁ་ཕྱོགས་དགོས་པ་དང་། འཆད་ཁྲིད་གཙོ་བོར་འཛིན་པ་ནས་སློབ་མར་ཁྲིད་སྟོན་དོགས་སློང་བྱེད་པ་གཙོ་བོར་ཁ་ཕྱོགས་དགོས་པ་སོགས་ནི་བསླབ་གཞི་གསར་པའི་སློབ་ཁྲིད་བྱ་ཐབས་ཤིག་རེད། དེས་ན་སློབ་ཁྲིད་བྱེད་སྒོའི་གཙོ་སྐྱོང་བྱེད་མཁན་དགེ་རྒན་གྱིས་སློབ་ཕྲུག་མི་རེ་ངོ་རེས་བྱེད་སྒོའི་ཁྲོད་ནས་ཤེས་ཡོན་ཤེས་པ་བྱ་ཆེད། ནུས་ལྡན་གྱིས་སྒྲིག་འཛུགས་བྱེད་པ་ལས། ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུ་ཁོ་ན་རང་ཉིད་ཀྱི་འགན་འཁྲིར་འཛིན་རྒྱུ་མེད། ད་འོ་ན་བསླབ་གཞི་གསར་པའི་བསམ་གཞིའི་འོག་ལ་ང་ཚོ་བོད་ཡིག་དགེ་རྒན་གྱིས་སློབ་ཁྲིད་ཀྱི་དམིགས་ཡུལ་ཇི་ལྟར་བྱས་ཏེ་བསྒྲུབ་དགོས་ཤེ་ན། འདིར་གུས་མོས་ལོ་མང་གི་སློབ་ཁྲིད་མྱོང་བ་དངོས་དང་བསྟུན་ནས་ཅུང་ཟད་གླེང་བར་བྱའོ།
         གཅིག སློབ་མར་ཡོན་ཏན་སྦྱོང་བའི་མོས་པ་སྐྱེད་སྲིང་བྱ་དགོས།
         སྤྱིར་ན་སློབ་ཁྲིད་ཀྱི་འཆར་འགོད་ནི་སློབ་མའི་དངོས་ཡོད་ཀྱི་གནས་ཚུལ་གཞིགས་ནས་འཆར་འགོད་བྱེད་དགོས་པ་ལས། དགེ་རྒན་གྱིས་བསམ་ཚོད་བྱས་ནས་འཆར་འགོད་བྱ་མི་རུང་། སྔོན་ཆད་ཀྱི་སློབ་ཁྲིད་ཁྲོད་ང་ཚོས་རྒྱུན་དུ་སློབ་ཕྲུག་གིས་བྱེད་འདོད་ཡོད་མེད་ཇི་ལྟར་ཡང་གང་ལྟར་ཨུ་ཚུགས་ཀྱིས་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད། དེའི་དབང་གིས་རིགས་མི་འདྲ་བའི་སློབ་མའི་ཐ་མའི་སྦྱངས་འབྲས་ནི་དབྱེ་བ་ཆེན་པོ་ཡོང་བཞིན་ཡོད་པ་རེད།
         དེ་ཡང་སློབ་ཕྲུག་གིས་སློབ་སྦྱོང་བྱེད་པའི་འགན་འཁྲི་གསལ་པོ་རྟོགས་པ་བྱ་དགོས་ཚེ་སྤྱིར་བཏང་གཤམ་གྱི་ཐབས་ལམ་ཁག་གསུམ་སྤྱོད་དགོས་པ་སྟེ། དང་པོ་ནི་སྤྱིར་བཏང་གི་ཐབས་ལམ་ཞིག་ཡིན་ཞིང་། དགེ་རྒན་གྱིས་སློབ་ཚན་འཚོག་སྐབས་ནག་པང་ཆུང་ཆུང་སོགས་སློབ་ཁྲིད་ཡོ་བྱད་སྤྱད་ནས་ཚོགས་ཐེངས་སོ་སོའི་སློབ་སྦྱོང་གི་འགན་འཁྲི་གསེད་བཀྲོལ་བྱེད་དགོས་པ་མ་ཟད། སློབ་ཕྲུག་ལ་གསལ་པོར་བསྟན་ནས་ངེས་ཤེས་སྐྱེ་བ་བྱ་དགོས། གཉིས་པ་ནི་གོམ་སྟབས་དབྱེ་ནས་གསེད་བཀྲོལ་བྱེད་ཐབས་ཤིག་ཡིན་ཞིང་། སློབ་ཚན་འཚོག་སྐབས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དང་བསྟུན་ནས་ཁྱབ་སྤེལ་བཏང་སྟེ་མུ་མཐུད་གོ་རིམ་བཞིན་གསེད་བཀྲོལ་བྱ་རྒྱུ་དེ་ཡིན། གསུམ་པ་ནི་ལེགས་འདེམས་བྱེད་ཐབས་ཤིག་ཡིན་ཞིང་། དགེ་རྒན་གྱིས་སློབ་ཕྲུག་གིས་སློབ་ཚན་སྔོན་སྦྱོང་བྱས་པའམ་རང་སྦྱོང་བྱས་རྗེས་ཁོང་དུ་མ་ཆུད་པའི་གནད་རྣམས་ལ་བསྐྱར་དུ་དམིགས་བཀར་ལེགས་འདེམས་ཀྱིས་སྦྱོང་བརྡར་བྱས་ནས་སློབ་ཚན་གྱི་དཀའ་གནད་དང་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ་སྦྱོང་བརྡར་བྱེད་འཇུག་རྒྱུ་དེ་ཡིན། དེ་ལྟར་ཁྲིད་སྟོན་བྱེད་ཐབས་དེ་གསུམ་གྱི་ཐད་ལ་རང་ཉིད་ཀྱི་ལྟ་ཚུལ་ཅུང་ཟད་གླེང་ན་ཐབས་ལམ་གསུམ་པ་ནི་མིག་སྔར་བསླབ་གཞི་གསར་པའི་ལྟ་བ་དང་འཚམ་པར་མཐོང་། གང་ཡིན་ཟེར་ན་དེས་དངོས་སུ་སློབ་མ་གཙོ་བོར་འཛིན་པའི་སློབ་གསོའི་ནུས་པ་བཏོན་ཐུབ། སློབ་མའི་དོན་དངོས་ལ་གཞིགས་ནས་སློབ་ཚན་འཆར་བཀོད་བྱས་ན། སློབ་ཕྲུག་གི་སློབ་སྦྱོང་བྱེད་པའི་སྤྲོ་སྣང་སྐྱེ་སླ་ལ། སློབ་སྦྱོང་གི་དགའ་ཞེན་འཕེལ་ཐུབ། གཞན་ཡང་དགེ་རྒན་གྱི་ཕུན་སུམ་ཚོགས་པའི་སློབ་ཁྲིད་རྣམ་པ་དང་ཉམས་འགྱུར་ལྡན་པའི་སྐད་ཆའི་ངག་འགྲོས་ཀྱིས་སློབ་མའི་དགའ་སྣང་འཕེལ་བ་བྱེད་པ་དང་དགེ་རྒན་གྱིས་འཁྲུག་ཆ་དོད་ལ་གསོན་ཉམས་ལྡན་པའི་སློབ་སྦྱོང་གི་ཡུལ་རྣམ་བསྐྲུན་ནས་སློབ་མའི་ཤེས་བྱ་སྦྱོང་འདོད་ཀྱི་སྤྲོ་སྣང་སྐྱེད་སྲིང་བྱེད་པ་དང་། དགེ་རྒན་གྱིས་སློབ་མའི་ལེགས་ཆ་གང་ཡོད་ལ་བསྔགས་བརྗོད་བྱས་ནས་སློབ་མར་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་སྤྲོ་སྣང་སྤེལ་བ་སོགས་སློབ་མས་སློབ་སྦྱོང་བྱེད་པའི་དགའ་ཞེན་འཕེལ་བའི་སློབ་ཁྲིད་བྱ་ཐབས་མང་དག་ཡོད། དེས་ན་དུས་རྟག་ཏུ་སློབ་ཁྲིད་བྱེད་ཐབས་ལེགས་བཅོས་བྱས་ནས་ཚོར་སྣང་གསར་པ་སྦྱིན་རྒྱུ་ནི་མིག་སྔའི་བསླབ་གཞི་གསར་པའི་སློབ་ཁྲིད་བྱེད་ཐབས་ཡིན།
         གཉིས། བསམ་གཞིག་གི་ནུས་པ་གོང་མཐོར་གཏོང་དགོས།
         དེ་ཡང་འདྲི་བ་འདོན་རྒྱུ་ནས་འགོ་བཙུགས་ཏེ་སློབ་ཁྲིད་ཀྱི་བྱེད་སྒོར་ཞུགས་དགོས། སྔོན་ཆད་ཚང་མ་དགེ་རྒན་གྱིས་གསེད་བཀྲོལ་དང་འཁྲིད་རྐྱང་གི་ཐབས་ལམ་རྐྱང་པ་ཁོ་ནའི་ཐབས་ལ་བརྟེན་དང་རྟེན་བཞིན་ཡོད། དཔེར་ན། སློབ་ཕྲུག་གིས་གང་མི་ཤེས་པ་དགེ་རྒན་གྱིས་དེ་དག་སློབ་ཁྲིད་བྱེད་པས། སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ཐབས་ཤེས་མ་ཤེས་པ་མ་ཟད། རང་འགུལ་ངང་སློབ་ཁྲིད་ཀྱི་བྱེད་སྒོར་ཞུགས་ཐུབ་ཀྱི་མེད་པས། དེ་ནི་བོད་སྐད་ཡིག་གི་སྦྱང་འབྲས་དམའ་པོ་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན་པར་སེམས།
         དེས་ན་དེང་སྐབས་བསླབ་གཞི་གསར་པའི་བསམ་གཞིའི་འོག སློབ་ཁྲིད་ནི་སློབ་ཕྲུག་ལྟེ་བར་བཟུང་སྟེ་སློབ་ཚན་འཁྲིད་དགོས་པས། སློབ་ཕྲུག་སོ་སོས་འདྲི་བ་འདོན་རྒྱུའི་རེ་བ་འདོན་དགོས་ལ། སློབ་ཕྲུག་ལ་བསམ་བློ་མང་ཙམ་གཏོང་དུ་འཇུག་པ། བསམ་བློ་གཏོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་དགོས། ད་དུང་བསམ་བློ་ནན་པོ་གཏོང་བ་མ་ཟད། དོགས་གཞི་འཚོལ་ཐུབ་པ་བྱེད་དགོས་པའི་སྐུལ་མ་གཏོང་བ་སོགས་ནི་སློབ་ཁྲིད་ལེགས་འགྲུབ་ཡོང་བའི་ཐབས་ལམ་བཟང་པོ་ཞིག་རེད། སློབ་ཕྲུག་གིས་དོགས་སློང་བྱེད་སྐབས་དགེ་རྒན་གྱིས་དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག་བསྔགས་བརྗོད་བྱ་ཐབས་གཙོ་བོར་འཛིན་དགོས་ཏེ། སློབ་ཕྲུག་གིས་འདྲི་བ་ལེགས་པོ་འདོན་སྐབས་བསྔགས་བརྗོད་བྱེད་དགོས་པ་སྨོས་མེད། དེ་ཙམ་ཡག་པོ་མི་འདོན་རུང་། སྐུལ་ལྕག་ཡང་ཡང་བྱེད་དགོས། དེ་ལྟར་མ་བྱས་ཚེ། ཁོང་ཚོའི་ཧུར་བརྩོན་དང་རང་འགུལ་རང་བཞིན་ལ་ཕོག་ཐུག་བྱུང་ནས་སློབ་ཕྲུག་གིས་སློབ་སྦྱོང་ལ་སྤྲོ་སྣང་ཉམས་ནས་བསམ་གཞིག་བྱེད་མི་སྲིད་ལ། དེ་བས་རང་འགུལ་ངང་གནད་དོན་ཡང་འདོན་མི་སྲིད་པས། སློབ་ཕྲུག་གི་དོགས་སློང་གི་ནུས་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡང་ཁུངས་མེད་གཏམ་འཆལ་དུ་འགྲོ་ངེས་སོ། སློབ་ཚན་འཚོག་སྐབས་སློབ་ཕྲུག་གིས་གནད་དོན་འདོན་སྐབས་དགེ་རྒན་གྱིས་དང་ཐོག་དབྱེ་ཞིབ་བྱེད་པ་དང་དེ་རྗེས་ཡང་དག་པའི་ཁྲིད་སྟོན་བྱེད་དགོས་ལ། སློབ་ཕྲུག་རྣམས་ལ་གྲོས་བསྡུར་དང་རྩོད་གླེང་བྱ་རྒྱུར་བཀོད་སྒྲིག་བྱས་ནས་ཐུན་མོང་ཐོག་དཀའ་གནད་ལས་འགྲོལ་ཐུབ་པ་བྱས་ཏེ་སློབ་ཕྲུག་ལ་མཐུན་སྒྲིལ་གྱི་སྟོབས་ཤུགས་དང་ལེགས་སྒྲུབ་ཀྱི་སྤྲོ་སྣང་ཞིག་ཚོར་ཐུབ་པ་བྱེད་དགོས།
         ད་དུང་དགེ་རྒན་གྱིས་སློབ་ཕྲུག་རང་ཉིད་ཀྱིས་རང་ཉིད་ལ་དཔྱད་འཇོག་དང་ཕན་ཚུན་དཔྱད་འཇོག་བྱེད་ཐབས་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་ཕྲུག་ཚོས་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་བསམ་འཆར་འདོན་པར་སྐུལ་མ་བཏང་ནས། མཉམ་ལས་དང་འགྲན་རྩོད་ཁྲོད་མི་སྒེར་དང་ཐུན་མོང་གི་འབྲེལ་བ་རྣམས་ཐབས་མཁས་ཀྱིས་གཅིག་མཐུན་ཡོང་བ་བྱེད་དགོས། གལ་སྲིད་མཇུག་མཐར་དགེ་རྒན་ནས་རྒྱས་བསྡུས་འོས་འཚམ་ངང་ཕྱོགས་སྡོམ་བྱས་ཚེ། སློབ་ཕྲུག་གི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱ་རྒྱུར་ཕན་འབྲས་མི་དམན་པ་ཡོང་ངེས་ལགས། གཞན་ཡང་དགེ་རྒན་གྱིས་སློབ་ཕྲུག་གི་འདྲི་བའམ་གནད་དོན་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བཞག་ནས། སློབ་ཚན་འཚོག་སྐབས་ངེས་པར་དུ་ངེས་གཏན་གྱི་དུས་ཚོད་སྤྱད་ནས་དབྱེ་ཞིབ་བྱེད་ཀྱིན་སློབ་ཕྲུག་ལ་དོགས་སློང་གི་བསམ་པ་སྐྱེད་སྲིང་བྱེད་དགོས། དེ་ཡང་སློབ་ཚན་འགོ་འཛུགས་སྐབས་ཡིན་ནའང་འདྲ། སློབ་ཚན་འཁྲིད་པའི་ནང་དུ་ཡིན་ནའང་འདྲ། སློབ་ཚན་འཁྲིད་ཟིན་ལ་ཉེ་བའི་དུས་ཡིན་ནའང་འདྲ། གང་ལྟར་སློབ་ཕྲུག་ལ་འདྲི་བ་འདོན་རྒྱུའི་བྱེད་སྒོ་གང་མང་བཀོད་སྒྲིག་བྱེད་དགོས་སོ།
         གསུམ། སློབ་ཕྲུག་ཡོངས་ལ་ཕྱོགས་ནས་སྦྱོང་བརྡར་སྤྲོད་དགོས།
         བྱང་ཚད་སློབ་གསོས་ཁྱོན་ཡོངས་ལ་ཁ་ཕྱོགས་པའི་རྩ་དོན་དང་རེ་བ་བཏོན་ཡོད། དེར་བརྟེན་དགེ་རྒན་གྱིས་སློབ་སྦྱོང་གི་སྦྱངས་འབྲས་ཞན་པའི་སློབ་མ་རྣམས་ལ་འཁྲིད་བྱའི་ནང་དོན་ཆེན་པོ་གང་ཞིག་ཁག་མང་པོར་དབྱེ་ནས་བརྒྱུད་རིམ་ངེས་གཏན་ལ་བརྟེན་ནས་སློབ་མས་ནང་དོན་གསལ་པོ་རྟོགས་པ་བྱ་དགོས་ཏེ། དཔེ་མཚོན་ཙམ་ཞུས་ན། བོད་སྐད་ཡིག་སློབ་ཚན་ལ་གོ་བ་ལེན་སྐབས་གོ་རིམ་གསུམ་ལྡན་དགོས་ཏེ། དང་པོ་ནི་ཐད་ཀར་གོ་བ་ལེན་པ། དེ་ནི་སློབ་ཚན་ནང་གི་འཁྲིད་བྱའི་ནང་དོན་གང་ཡིན་པ་རྟོགས་པ་བྱ་རྒྱུ་དང་འདྲི་བར་ལན་འདེབས་སྐབས་སློབ་ཚན་ནང་གང་འཁོད་པ་ཇི་བཞིན་བསྐྱར་དུ་ཤོད་པའི་ཐབས་སྤྱོད་རྒྱུ་དེའོ། གཉིས་པ་ནི་འགྲེལ་བཤད་རྒྱག་ཐབས་སྤྱད་ནས་གོ་བ་ལེན་པ། དེ་ནི་སློབ་ཚན་གྱི་ནང་དོན་རྟོགས་པ་བྱས་ནས་དེས་དངོས་དོན་གང་ཞིག་བསྟན་ཡོད་པ་དང་དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་པ་སོགས་རང་སོ་སོའི་སྐད་ཆར་བརྟེན་ནས་ལན་འདེབས་ཤེས་པ་བྱ་རྒྱུ་ཡིན་པས་སྤྱིར་སློབ་ཚན་གྱི་ནང་དོན་ལ་གཞིགས་ནས་གཙོ་དོན་འདོན་ཤེས་པ་སོགས་བྱ་རྒྱུ་དེ་རེད། གསུམ་པ་ནི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་གོ་བ་ལེན་པ། དེ་ནི་བོད་སྐད་ཡིག་སློབ་ཚན་གྱི་བརྒྱུད་རིམ་ལྡན་པའི་གོ་བ་ལེན་ཐབས་ཤིག་ཡིན། སློབ་ཚན་ལ་གཞིགས་ཏེ་རང་ངོས་ཀྱི་ལྟ་ཚུལ་གསར་པ་ཤོད་ཐུབ་པ་བྱ་རྒྱུ་དེ་རེད། མདོར་ན་སློབ་ཚན་ཐོག་དགེ་རྒན་གྱིས་སློབ་ཕྲུག་གི་དོན་དངོས་ལ་གཞིགས་ནས་གོ་རིམ་མི་འདྲ་བ་གསུམ་ལ་དམིགས་ཏེ་འདྲི་བ་བཏོན་ནས་ཆུ་ཚད་མི་འདྲ་བའི་སློབ་མར་ལན་འདེབས་སུ་བཅུག་ཚེ། གཞི་ནས་སློབ་མ་ཡོངས་ལ་ཁ་ཕྱོགས་དགོས་པའི་སློབ་ཁྲིད་རྩ་དོན་དངོས་དེ་མངོན་འགྱུར་ཐུབ་ངེས་ལགས།
         བཞི། སློབ་སྦྱོང་བྱེད་ཐབས་གསར་གཏོད་བྱེད་དགོས།
         བསླབ་ཚན་སྒྱུར་བཅོས་གསར་པའི་བསམ་གཞིའི་འོག སློབ་ཁྲིད་ཀྱི་གཙོ་གནད་ནི་སློབ་ཕྲུག་གི་སློབ་སྦྱོང་བྱེད་ཐབས་ལ་སྐུལ་འདེད་གཏོང་རྒྱུ་དང་སློབ་ཕྲུག་ལ་སྦྱོང་སྟངས་བསླབ་རྒྱུ་གཙོ་བོར་འཇོག་དགོས། དེར་བརྟེན་དགེ་རྒན་གྱིས་སློབ་ཁྲིད་གཙོ་གནད་དེ་དགེ་རྒན་གྱིས་འཁྲིད་རྐྱང་བྱེད་པ་ནས་རིམ་བཞིན་སློབ་ཕྲུག་གིས་སྦྱོང་བར་བསྒྱུར་དགོས་ཏེ། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་སྒྱུར་བཅོས་བྱ་དགོས། དེའང་ཉན་ཞོར་དུ་སློབ་པ་དང་ལྟ་ཞོར་དུ་སློབ་པ། ཀློག་ཞོར་དུ་སློབ་པ། བསམ་གཞིག་བྱེད་ཞོར་དུ་སློབ་པ་སོགས་སློབ་སྦྱོང་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱོད་རྒྱུ་གལ་ཆེ་བས། སློབ་ཕྲུག་གི་ཁྱད་ཆོས་མི་འདྲ་བར་དོ་ཁུར་བྱས་ནས་རྣམ་པ་མི་འདྲ་བའི་བྱ་ཐབས་སྣ་ཚོགས་བརྒྱུད་དེ་སློབ་སྦྱོང་གི་གྲུབ་འབྲས་མཐོར་འདེགས་གཏོང་དགོས།
         དགེ་རྒན་གྱིས་སློབ་ཁྲིད་འཆར་འགོད་བྱེད་སྐབས་སློབ་སྦྱོང་གི་ནང་དོན་མི་འདྲ་བར་གཞིགས་ནས་སློབ་སྦྱོང་བྱེད་ཐབས་མི་འདྲ་བ་མང་པོ་ཞིག་བཀོད་སྒྲིག་བྱེད་དགོས་པ་མ་ཟད། སློབ་ཕྲུག་སོ་སོའི་སློབ་སྦྱོང་བྱ་ཐབས་ཀྱི་ཁྱད་པར་ལ་ཡང་བསམ་གཞིག་བྱེད་དགོས་ཤིང་། ལྷག་པར་དུ་གཅིག་གྱུར་གྱི་བྱེད་སྒོའི་ནང་སློབ་ཕྲུག་ལ་གདམ་གསེས་བྱེད་པའི་བསམ་བློ་གཏོང་བའི་ཁོམ་པ་སྤྲོད་པ་དེ་ཡང་གལ་འགངས་ཆེའོ། དེ་ཡང་སློབ་སྦྱོང་ཐད་ལ་བཀག་རྡོ་འཕྲད་སྐབས་སློབ་ཕྲུག་འགའ་ཤས་དགེ་རྒན་ལ་སྐད་ཆ་འདྲི་རྒྱུར་དགའ་བ་དང་། ཡང་སློབ་ཕྲུག་འགའ་ཤས་རང་སོ་སོས་བསམ་བློ་གཏོང་བའམ་ཡང་ན་གྲོས་ཞིབ་དང་དོགས་སློང་བྱས་པ་བརྒྱུད་ནས་ཐག་གཅོད་བྱ་རྒྱུར་དགའ་བས། དགེ་རྒན་གྱིས་སློབ་ཚན་འཚོག་སྐབས་རང་མོས་ཀྱིས་སློབ་སྦྱོང་བྱེད་དུ་བཅུག་ནས་ཁོང་ཚོས་སློབ་སྦྱོང་གི་ཐབས་ཤེས་མང་པོ་གདམ་གསེས་བྱ་རྒྱུར་གོ་སྐབས་སྤྲོད་དགོས། ལྷག་པར་དུ་སློབ་ཕྲུག་ཅུང་མང་བའི་འཛིན་གྲྭའི་ནང་དུ་སློབ་མ་ཚང་མར་རང་མོས་ཀྱི་བྱེད་སྒོ་གཉེར་བའི་མཐུན་རྐྱེན་སྦྱོར་དགོས།
          མདོར་ན། བསླབ་གཞི་གསར་པའི་དགོངས་དོན་ཞེས་པ་དེའང་སྲོལ་རྒྱུན་གྱི་སློབ་ཁྲིད་ཐབས་ཤེས་ལ་ལེགས་བཅོས་བྱས་ནས་དགེ་རྒན་གྱིས་སྣེ་ཁྲིད་པ་དང་སློབ་མ་གཙོ་བོར་བཟུང་སྟེ། “ཐམས་ཅད་སློབ་མའི་ཆེད་དུ་འབད་པ་དང་། སློབ་མ་ཐམས་ཅད་ཀྱི་ཆེད་དུ་འབད་པ། སློབ་མའི་ཕྱོགས་ཐམས་ཅད་ཀྱི་ཆེད་དུ་འབད་དགོས”ཞེས་པ་ལྟར་སློབ་ཁྲིད་བྱེད་སྐབས་སློབ་མ་ཚང་མའི་ཁ་ལག་ཀླད་གསུམ་ལ་སྦྱོང་བརྡར་སྤྲོད་པ་དང་དུས་མཚུངས་སློབ་མའི་ཉན་བཤད་འབྲི་ཀློག་གི་ཕྱོགས་བསྡུས་ནུས་རྩལ་གྱི་སྦྱོང་བརྡར་བྱ་རྒྱུར་འབད་དགོས། ད་དུང་བསླབ་གཞི་དེ་ཉིད་གཞི་འཛིན་སར་བྱས་ཤིང་། སློབ་ཕྱིའི་ཤེས་བྱ་ཁག་ལ་སྔར་བས་བློ་སྐྱེས་ཡོང་བ་བྱས་ནས་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་འབད་དགོས། འོན་ཏེ་གུས་མོར་བསླབ་གཞི་གསར་པའི་ཐད་ཤེས་རྟོགས་དང་ཉམས་མྱོང་ཤིན་ཏུ་ཉག་ཕྲ་ཡང་རྒྱ་ཆེའི་བཤེས་གཉེན་ལྷན་རྒྱས་ལ་ལྷག་བསམ་དཀར་པོས་གྲོས་འགོའི་ཚུལ་དུ་ཕུལ་བ་ལགས་ཏེ། ས་པཎ་གྱིས། “སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བའི། དེ་འདྲ་གང་གིས་རྟོགས་དེ་བློ་གྲོས་ལྡན། རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱོད་པའི། དོན་དེ་རྟོགས་ཀྱང་དེ་ལ་ངོ་མཚར་ཅི”ཞེས་གསུངས་པ་ལྟར་འདིར་ནོངས་པའི་ཕྱོགས་དང་། འཁྲུལ་བའི་ཆ་ཤིན་ཏུ་མང་པོ་ཡོད་སྲིད་ན། མཁྱེན་པའི་སྤྱན་དཀྱུས་ཡངས་པའི་མཁས་དབང་རྣམ་པས་རྩ་ཆེའི་བཀའ་སློབ་དང་སྐྱོན་བརྗོད་ལྷུག་སྩོལ་གྱི་རེ་འདུན་ཞུ་རྒྱུ་དང་སྦྲགས་རེ་ཞིག་རྩོམ་མཇུག་བསྡུ་བ་ལགས་སོ།
      

    ཕྱོགས་བསྡུས་གསར་འགྱུར།