མི་དམངས་དྲ་བ།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་
རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་17ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་20པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།
     གསུང་རྩོམ་ནང་ནན་བཤད་གནང་དོན། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དེ་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྟོབས་ཤུགས། ཀྲུང་ཧྭའི་ཤེས་དཔལ་གྱི་ནང་དོན་ཟབ་མོ། ཀྲུང་གོ་ནི་འགན་འཁུར་ཕོད་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་རང་རྟོགས་འགན་འཁྲི་བཅས་གང་ལེགས་མངོན་ཡོད་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་བསམ་པ་དང་། སྤོབས་སེམས། གོང་བུ་འགྲིལ་ཤུགས། བློ་གཏད་བཅོལ་ཤུགས་བཅས་ཆེ་རུ་ཕྱིན་ཏེ། ང་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཀའ་ངལ་ཁྱད་བསད་ཀྱིས་འབད་འབུངས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ངེས་རེད།
     གསུང་རྩོམ་ནང་བསྟན་དོན། ད་ཐེངས་རིམས་གནད་ཚབས་ཆེན་དང་སྲོག་བསྡོས་དང་དམར་འཛིང་བྱེད་པའི་ཁྲོད། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་ཞུམ་མེད་སྙིང་སྟོབས་ཀྱིས་ཚེ་སྲོག་གོང་དུ་བཀུར་བ་དང་། རྒྱལ་ཡོངས་སེམས་མཐུན། རང་སྲོག་བློས་གཏོང་བར་མི་སྐྲག་པ། ཚན་རིག་ལ་བརྩི་འཇོག ལས་དབང་གཅིག་མཐུན་བཅས་ཀྱི་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་བཏོད་ཡོད། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དེ། ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ནང་གྲུབ་པའི་དམིགས་བསལ་གྱི་བྱང་ཚད་དང་རིག་གནས་ཀྱི་གཞི་རྒྱུ་དང་གཅིག་རྒྱུན་གཅིག་འཛིན་བྱས་པ་ཞིག་ཡིན་པ་དང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་དང་ཀྲུང་གོའི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པ་ཞིག་བཅས་ཡིན་པས་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
     གསུང་རྩོམ་ནང་བསྟན་དོན། རིམས་འགོག་དང་འཐབ་རྩོད་བྱེད་པའི་རླབས་ཆེན་ལག་ལེན་ལས། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་སྟོབས་ཤུགས་ནི་དཀའ་ངལ་འཕྲད་སྐབས་ཀྲུང་གོ་མི་དམངས་ཀྱི་བློས་འགེལ་ཤོས་ཀྱི་སྲོག་ཤིང་དང་། ཀྲུང་གོའི་མི་དམངས་ལ་ལྡན་པའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ནི་མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཀྱི་འབྱུང་རྩ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ལྡན་པའི་མངོན་གསལ་དོད་པའི་ལེགས་ཆ་ནི་ཉེན་ཁ་དང་འགྲན་སློང་འགོག་པ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་རྩ་བའི་འགན་ལེན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བསགས་པའི་སྲ་ཞིང་བརྟན་པའི་རྒྱལ་སྟོབས་ནི་དཀའ་ངལ་མཐའ་དག་ལ་ཁ་གཏད་གཅོག་པའི་རྨང་གཞི་བརྟན་པོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ལྡན་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ནི་མི་སེམས་གཅིག་སྒྲིལ་དང་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ལྡན་པའི་རྒྱ་ཁྱབ་ཀྱི་འབོད་སྐུལ་ནུས་པ་ནི་མིའི་རིགས་ཀྱིས་མཉམ་དུ་འགྲན་སློང་ལ་ཁ་གཏད་གཅོག་པ་དང་དེ་བས་གྲ་རྒྱས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་པའི་མི་ཡུལ་གྱི་འགྲོ་ལམ་ཡང་དག་བཅས་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད།
     གསུང་རྩོམ་ནང་། “གནམ་འོག་བདེ་ཐང་ཡོང་བར། ང་ཚོས་འབད་བརྩོན་ལྷོད་མེད་བྱེད་དགོས” ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་འཕེལ་རྒྱས་ཀྱི་དཀའ་སྡུག་དང་འོད་སྟོང་བརྒྱུད་མྱོང་བའི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་དུས་རབས་གསར་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་མདུན་སྐྱོད་ཐུབ་ངེས་དང་མི་སུ་ཞིག་དང་སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་པའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ་ཅེས་ནན་བཤད་གནང་ཡོད།

  
style="display:none;"