མི་དམངས་དྲ་བ།

༄༅༎ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་
གཟབ་རྒྱས་ངང་འཚོགས་པ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་16ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།

འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པའི་སྤྱི་ཡོངས་ནས་འགོ་རྩོམ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དམ་པོར་དམིགས་པ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་ཉམས་འགྱུར་དང་དཀའ་ངལ་ཁྱད་བསད་ཀྱི་བསམ་པའི་ཉམས་འགྱུར་ལ་བརྟེན་པ། སྒྱུར་བཅོས་བྱེད་མཚམས་མི་འཇོག་པ་དང་སྒོ་མོ་འབྱེད་མཚམས་མི་འཇོག་པ། འགོ་འཛུགས་ས་དེ་བས་མཐོ་བ་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། དཔལ་འབྱོར་དམིགས་བསལ་ཁུལ་གྱི་ལས་དོན་ལ་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་ཆེན་ལ་ཕེབས་པ་རེད།
     ཧྲེན་ཀྲེན་ཆན་ཧའེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་རྣམ་པ་འཁྲུག་ཆ་དོད་ཅིང་། ཚོགས་རའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་འཛུགས་པའི་ནང་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་པའི་འཕྲེད་འགེལ་སྦྱར་ཡིག་མངོན་གསལ་དོད་པོ་བཀལ་ཡོད་པ་རེད།
     ཆུ་ཚོད་10དང་སྐར་མ་30ལ་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མ་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་རེད།
     སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསར་གཏོད་རླབས་ཆེན་ཞིག་རེད། དུས་ཡུན་རིང་པོའི་ནང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག དཔལ་འབྱོར་དམིགས་བསལ་ཁུལ་ཁག་གིས་བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། འགན་འཁྲི་གཙང་འཁུར། འབད་འབུངས་ཡར་བརྩོན་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་འཕེལ་རིམ་ནང་ཞུམ་མེད་མདུན་སྐྱོད་དང་གསར་འབྱེད་ཡར་བརྩོན་གྱི་བརྗིད་ཆེའི་ལེའུ་བརྩམས་ཏེ། རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་རྒྱ་ཆེའི་འཛུགས་སྐྲུན་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེལ་འབུལ་མཁན་བློ་མཐུན་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། སྐུ་མགྲོན་རྣམ་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཧྲེན་ཀྲེན་ནི་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཏང་དང་མི་དམངས་རང་གིས་བསྐྲུན་པའི་གྲོང་ཁྱེར་གསར་པ་ཞིག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་བཏོད་པའི་རྨད་དུ་བྱུང་བའི་ངོ་མཚར་ཞིག་ཡིན། ལོ་ངོ་40ཡི་རིང་ཧྲེན་ཀྲེན་གྲོང་ཁྱེར་གྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཧུར་ཐག་བཏང་བ་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། རྗེས་ལུས་ཀྱི་མཐའ་ཁུལ་གྲོང་རྡལ་ཆུང་ངུ་ཞིག་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེ་གྲས་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། བསམ་བློར་བཅིངས་འགྲོལ་དང་དུས་བསྟུན་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲོམ་རར་ཕྱོགས་པའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་སྔོན་ལ་བྱས་པས། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། “ནང་དུ་འདྲེན་པ”དང“ཕྱིར་སྐྱོད་པ”མཐའ་འཁྱོངས་བྱས་ནས། རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་ཧུར་ཐག་དང་། གོ་ལ་ཧྲིལ་པོའི་མ་འཇོག་གི་ཡིད་དབང་འགུག་ཐབས་ཧུར་ཐག་བྱས་པས། ཕྱིར་གཏོང་ནང་འདྲེན་ཚོང་དོན་གཙོ་བོར་བྱེད་པ་ནས་ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བཅས་བྱས་པས། དཔལ་འབྱོར་གསར་སྤེལ་བྱེད་པ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྣོད་བཅུད་ཤེས་དཔལ་བཅས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་སྔོན་ལ་ལེགས་གྲུབ་བྱུང་བ་བཅས་ལྟོ་གོས་འཕྱིད་པ་ནས་སྤུས་ཚད་མཐོ་བའི་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། དེར་བརྟེན་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ཧྲེན་ཀྲེན་སོགས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་གྲུབ་འབྲས་ཐོན་པའི་ལག་ལེན་ཐོག་ནས་ར་འཕྲོད་གང་ལེགས་ཐུབ་ཡོད། དེས་ན། དཔལ་འབྱོར་དམིགས་བསལ་ཁུལ་མུ་མཐུད་གཉེར་སྐྱོང་བྱེད་དགོས་པ་མ་ཟད། ད་དུང་དེ་བས་ཡག་པོ་དང་ཆུ་ཚད་དེ་བས་མཐོ་པོ་ཡོང་བ་བྱེད་དགོས།
     ཞི་ཅིན་ཕིང་གིས་ཧྲེན་ཀྲེན་སོགས་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་ལོ་ངོ་40ཡི་རིང་སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་རྩ་ཆེའི་ཉམས་མྱོང་མང་པོ་བསགས་པ་ལས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་གྱི་ཆོས་ཉིད་ལ་འཛིན་པའི་ང་ཚོའི་ངོས་འཛིན་ཟབ་ཏུ་སོང་ཡོད་ཅེས་ནན་བཤད་གནང་བ་སྟེ། གཅིག་ནི་ངེས་པར་དུ་ཏང་གིས་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པའི་ཡང་དག་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྒྱུར་བཅོས་ཀྱི་ལག་ལེན་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་ཚགས་ཚུད་དང་དེ་བས་གཏན་ཚུགས་ཡོང་བར་སྐུལ་འདེད་གཏོང་དགོས་པ། གསུམ་ནི་ངེས་པར་དུ་འཕེལ་རྒྱས་གཏོང་རྒྱུ་ནི་དོན་དམ་ཡིན་པ་མཐའ་འཁྱོངས་དང་ཞུགས་ཕོད་པ་དང་། ཚོད་ལྟ་བྱེད་ཕོད་པ། གཞན་གྱི་སྔོན་དུ་བྱེད་ཕོད་པ་བཅས་མཐའ་འཁྱོངས་བྱས་ཏེ། བསམ་བློའི་བཀག་རྒྱ་གཏོར་བར་བརྟེན་ནས་སྒྱུར་བཅོས་ཀྱིས་དཔུང་གཏོར་ལམ་གཤག་བྱ་རྒྱུའི་སྣེ་ཁྲིད་བྱེད་དགོས་པ། བཞི་ནི་ངེས་པར་དུ་ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ“ནང་དུ་འདྲེན་པའི”ཡིད་དབང་འགུག་ཤུགས་དང“ཕྱིར་སྐྱོད་པའི”འགྲན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ལྔ་ནི་ངེས་པར་དུ་གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་ཁྲོད་རང་འགུལ་དབང་ཆ་ཐོབ་པར་བྱེད་དགོས་པ། དྲུག་ནི་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ལ་བརྟེན་ནས། མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས་པ། བདུན་ནི་ངེས་པར་དུ་ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་འདི་ཉིད་དཔལ་འབྱོར་དམིགས་བསལ་ཁུལ་འཕེལ་རྒྱས་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པ། བརྒྱད་ནི་ངེས་པར་དུ་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་དང་སྣོད་བཅུད་ཁོར་ཡུག་ཕྱོགས་ཡོངས་དང་། མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས་པ། དགུ་ནི་ངེས་པར་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ། ནང་ས་འདི་ཉིད་ཤང་ཀང་དང་ཨའོ་མོན་དང་མཉམ་འདྲེས་འཕེལ་རྒྱས་དང་ཕན་ཚུན་སྐུལ་སྤེལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཅུ་ནི་ངེས་པར་དུ་རྒྱལ་ཡོངས་བསམ་ཇུས་གཅིག་ཡིན་པ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་དམིགས་བསལ་ཁུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་འབུལ་དགོས་པ་བཅས་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སུ་གནས་ཡོད་པ་དང་། དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་བར་འགྱུར་ལྡོག་ཕྱིན་ཡོད། ཧྲེན་ཀྲེན་གྲོང་ཁྱེར་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་གྲོང་ཁྱེར་གྱི་དཔེ་སྟོན་གཏོད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་པ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལག་ལེན་གསར་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྔོན་ལ་མངོན་འགྱུར་ཡོང་བ་བྱེད་དགོས་པ་སྟེ། གཅིག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་ཤིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་རྐང་དེ་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྒུལ་ནུས་གསར་པ་འཕེལ་བ་དང་སྟོབས་ནུས་གསར་པ་ཆེ་རུ་འགྲོ་བ་བྱེད་དགོས་པ་དང་། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ནུས་རིམ་དང་འགྲན་ནུས་ཆེ་རུ་གཏོང་དགོས་པ། དེ་བས་སྒོ་དབྱེའི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་ལེན་བསྟར་ཏེ་གནམ་འོག་གི་ཤེས་ལྡན་པ་མ་ལུས་སྐོང་སྤྱོད་བྱེད་པ། གཉིས་ནས་དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། ཏང་ཀྲུང་དབྱང་གིས་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། ཧྲེན་ཀྲེན་གྲོང་ཁྱེར་གྱིས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། གསལ་ཐོར་སྡེབ་གཅིག་ལ་དབང་ཆ་སྤྲོད་པའི་རྣམ་པའི་ཐོག་ནས་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་ཐད་ཧྲེན་ཀྲེན་ལ་རང་བདག་དབང་ཆ་དེ་བས་མང་བ་སྤྲད་ཡོད། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་འགན་འཁྲི་འཁུར་བ་དང་ཡང་དག་པའི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། ཁྱབ་ཁོངས་གལ་ཆེན་ནང་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་ཅིག་འདོན་གང་ཐུབ་བྱེད་དགོས་པ། གསུམ་ནས་བློ་རྩ་བརྟན་པོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་མ་ལག་བཟང་སྒྲིག་དང་རིམ་སྤོར་བྱེད་པ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ལྡན་གྱི་ནུས་པ་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་སྔོན་ལ་འཛུགས་དགོས་པ། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་དབར་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་བསམ་ཕྱོགས་གསར་གཏོད་ཀྱིས་གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། དུས་འཁོར་ཧྲིལ་པོའི་དོ་དམ་གྱི་འདུ་ཤེས་བཙུགས་ཏེ། གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གྲོང་ཁྱེར་ཆེས་ཆེ་གྲས་ཀྱི་ཁྱད་ཆོས་དང་ཆོས་ཉིད་དང་མཐུན་པའི་བཅོས་སྐྱོང་གི་ལམ་བུ་གསར་པ་ཞིག་ཧུར་ཐག་གཏོད་དགོས་པ། ལྔ་ནས་དམ་པ་དོན་གཉེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་དགོས་ཤིང་། སྒྱུར་བཅོས་གསར་གཏོད་ཀྱི་བྱེད་ཐབས་དེ་བས་མང་བ་བཏོན་ནས། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། རྒན་གསོ། བཟའ་བཅའི་བདེ་འཇགས། སྣོད་བཅུད་ཁོར་ཡུག སྤྱི་ཚོགས་བདེ་འཇགས་སོགས་ཀྱི་གནད་དོན་རེ་རེ་བཞིན་ཐག་གཅོད་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། བདེ་སྣང་དེ་བས་རྒྱུན་མཐུད་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས་པ། མི་དམངས་མང་ཚོགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ། མི་དམངས་མང་ཚོགས་ཁྲོད་ནས་དཔལ་འབྱོར་དམིགས་བསལ་ཁུལ་འཕེལ་རྒྱས་གཏོང་བའི་གསར་འབྱེད་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བྱེད་དགོས་པ། དྲུག་ནས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཤིང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་པོར་བཟུང་སྟེ། ས་ཁུལ་གསུམ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྒྲིག་སྲོལ་འབྲེལ་མཐུད་དང་ལམ་སྲོལ་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཁྲོམ་ར་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླས་མ་འཇོག་ལས་དར་དང་ཕན་ཚུན་སྒོ་མོ་དབྱེ་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པར་མུ་མཐུད་ལྕག་སྐུལ་དང་ཁྲིད་སྟོན་བྱས་ཏེ། དཔལ་འབྱོར་དམིགས་བསལ་ཁུལ་འཕེལ་རྒྱས་གཏོང་རིང་བྱས་རྗེས་གསར་པ་འཇོག་དགོས་པ་བཅས་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མེ་ཏོག་སྣ་གཅིག་བཞད་པ་དཔྱིད་ཀ་མིན། མེ་ཏོག་བརྒྱ་ཕྲག་འཛུམ་པས་དཔྱིད་དཔལ་ཤར། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་ཏེ། འཛམ་གླིང་རྒྱལ་ཁབ་ཁག་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྡུ་ལེན་བྱས་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ཕན་པ་དེ་བས་ཡག་པོ་བཏགས་ཡོད། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པའི་ལོ་ངོ་40ཡི་རིང་གི་ལག་ལེན་དེ་འཛམ་གླིང་རྒྱལ་ཁབ་ཁག་མཉམ་དུ་ཞུགས་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ལ། རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་བསྐྲུན་པ་དང་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་་ཡོང་བར་བྱས་ཡོད། འཛམ་གླིང་རྒྱལ་ཁབ་ཁག་ཀྲུང་གོའི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་སྒྱུར་བཅོས་དང་། སྒོ་དབྱེ། འཕེལ་རྒྱས་བཅས་སུ་དེ་བས་མང་བ་ཞུགས་ནས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད། མཉམ་ཁེ་བཅས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། དཔལ་འབྱོར་དམིགས་བསལ་ཁུལ་སྒྱུར་བཅོས་སྒོ་དབྱེའི་ཆེས་མདུན་གྲལ་དུ་གནས་ཡོད་པས་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་སྔོན་ལ་མིག་དཔེ་འདོན་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཤེས་བྱའི་འདུ་ཤེས་གསར་བརྗེས་བྱེད་པ། ཉམས་སད་ཐེག་པའི་འཇོན་ཐང་ཁོང་དུ་ཆུད་པ་བཅས་བྱས་ཏེ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ནས་གནད་དོན་ལ་བསམ་གཞིག་དང་བྱ་བ་སྒྲུབ་དགོས། ཏང་ཡོན་དང་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དང་ངར་ཤུགས་འཕེལ་ཐབས་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་པ་གཅོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།
     ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཤིག་རེད། དཔལ་འབྱོར་དམིགས་བསལ་ཁུལ་གྱིས“ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ཀར་དམ་འཛིན་ནན་པོ་བྱེད་རྒྱུ”མཐའ་འཁྱོངས་བྱས་ཏེ། དངོས་པོའི་དཔལ་ཡོན་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྒྲུབ་ཕོད་པ་དང་། ཚོད་ལྟ་བྱེད་ཕོད་པ། གཞན་གྱི་སྔོན་དུ་བྱེད་ཕོད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་བཅས་ཀྱི་དམིགས་བསལ་ས་ཁུལ་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་དམངས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     དེ་ཉིན་ཕྱི་དྲོ་ཞི་ཅིན་ཕིང་ལན་ཧྭ་ཧྲན་རི་བོའི་སྤྱི་གླིང་དུ་ཕེབས་ནས་བློ་མཐུན་ཏེང་ཞའོ་ཕིང་གི་ཟངས་སྐུར་མེ་ཏོག་སི་ར་ཕུལ་བ་རེད། ཞི་ཅིན་ཕིང་ཟངས་སྐུའི་ཞབས་སྟེགས་མདུན་དུ་དལ་བུར་ཕེབས་ནས་མེ་ཏོག་སི་རའི་སྟེང་གི་དར་འཛར་དམར་པོ་ལེགས་སྒྲིག་གནང་ཞིང་། ཚང་མ་དང་མཉམ་དུ་ཟངས་ཀྱི་སྐུ་བརྙན་ལ་གུས་འདུད་ལན་གསུམ་ཞུས་ནས་བློ་མཐུན་ཏེང་ཞའོ་ཕིང་ལ་བླ་ན་མེད་པའི་གུས་བཀུར་ཞུ་ལུགས་དང་སྙིང་ཐག་པ་ནས་དྲན་གསོ་ཟབ་མོ་ཞུ་ལུགས་མཚོན་པར་གནང་བ་རེད།
     ཞི་ཅིན་ཕིང་སོགས་ཀྱིས་ད་དུང“སྔོན་ལ་སྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་པ་ནས་སྔོན་ལ་དཔེ་སྟོན་བྱེད་པའི་བར——ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན”ལའང་གཟིགས་སྐོར་གནང་བ་མ་ཟད། རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་མཁན་གྱི་འཐུས་མི་ཁག་གཅིག་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་ཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

འདི་ནི་དེ་ཉིན་ཕྱི་དྲོ་ཞི་ཅིན་ཕིང་ལན་ཧྭ་རི་བོའི་སྤྱི་གླིང་དུ་ཕེབས་ནས་བློ་མཐུན་ཏེང་ཞའོ་ཕིང་གི་ཟངས་སྐུར་མེ་ཏོག་སི་ར་འབུལ་བཞིན་པ།
འདི་ནི་དེ་ཉིན་ཕྱི་དྲོ་ཞི་ཅིན་ཕིང་ལན་ཧྭ་རི་བོའི་སྤྱི་གླིང་དུ་ཕེབས་ནས་བློ་མཐུན་ཏེང་ཞའོ་ཕིང་གི་ཟངས་སྐུར་མེ་ཏོག་སི་ར་འབུལ་བཞིན་པ།

  
style="display:none;"