མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ《ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་
གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་འཛུགས་སྐྲུན་འཆར་འགོད་ཀྱི་རྩ་གནད》ལ་གྲོས་ཞིབ་བྱས་པ། 
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་18ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ《ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་འཛུགས་སྐྲུན་འཆར་འགོད་ཀྱི་རྩ་གནད》ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། དེང་སྐབས་རང་རྒྱལ་འཕེལ་རྒྱས་ཀྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཁོར་ཡུག་ལ་མུ་མཐུད་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་བཀོད་པ་ཆགས་པར་ཕན་ཐོགས་ཡོད་པ་དང་ཁྲོམ་རའི་བར་མཐོངས་རྒྱ་སྐྱེད་དང་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་ལེགས་སུ་གཏོང་བ་དང་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་པས་དེ་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་བོ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པའི་བྱེད་ཐབས་འགངས་ཆེན་ཞིག་རེད།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲུང་ཆིང་དང་ཁྲེང་ཏུའུ་ལྟེ་གནས་གྲོང་ཁྱེར་གཉིས་དབར་མཐུན་སྦྱོར་སྐུལ་ཁྲིད་མངོན་གསལ་དོད་པོ་བྱེད་པ་དང་ས་ཁོངས་ཀྱི་ལེགས་ཆ་དང་ཁྱད་ཆོས་མངོན་པར་སྣང་ཆེན་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཉིས་རྒྱལ་ཡོངས་ལ་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་དཔལ་འབྱོར་ལྟེ་གནས་དང་། ཚན་རྩལ་གསར་གཏོད་ལྟེ་གནས། སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ། སྤུས་ཚད་ལེགས་པའི་འཚོ་བར་འཚམ་པའི་ཁུལ་བཅས་སུ་གྱུར་པར་བྱས་ཐོག་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཕར་སྣེ་གལ་ཆེན་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པར་འགྱུར་བར་བྱེད་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱིས་བསམ་ཇུས་གཅིག་ཡིན་པའི་བསམ་བློ་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་བཙུགས་ཏེ་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ས་ཁོངས་མཉམ་ལས་ཀྱི་ཆུ་ཚད་མཐོ་བའི་མ་དཔེ་སྐྲུན་དགོས། གྲོང་ཁྱེར་གཉིས་ཀྱི་བཀོད་པ་འཆར་འགོད་ཡག་པོ་བྱས་ཏེ་སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་མཉམ་དུ་སྐྲུན་པ་དང་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་ཐུན་མོང་ཐོག་སྐྲུན་པ། ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ། “རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་ཁྲིད་སྟོན་དུ་བྱས་ནས་ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པ་ཡག་པོ་སྐྲུན་པ། རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་འཁོར་རྒྱུག་གཉིས་ལ་ཧུར་ཐག་ཞུགས་པ་བཅས་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་སྣོད་བཅུད་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས། ལྟེ་གནས་དང་ས་ཁོངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཁྲུང་ཆིང་གི་གྲོང་ཁུལ་གཙོ་བོ་དང་ཁྲེང་ཏུའི་འཕེལ་རྒྱས་ཀྱི་ནུས་པ་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ་གྲོང་ཁྱེར་འཕེལ་རྒྱས་གཏོང་བ་ཕྱི་ཕྱོགས་སུ་རྒྱ་ཆེར་གཏོང་བ་ནས་སྙིང་དོན་ཟབ་ཏུ་གཏོང་བའི་བར་འགྱུར་ལྡོག་བཏང་སྟེ་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་དང་དོ་སྙོམས་འཕེལ་རྒྱས་བཏང་ནས་མཐའ་འཁོར་གྱི་གྲོང་ཁྱེར་དང་རྫོང་དང་མཉམ་དུ་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་བའི་གྲོང་ཁྱེར་གྱི་འཁོར་རྒྱ་ཆགས་པར་བྱེད་དགོས།
     ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

  
style="display:none;"