མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། བློ་གཤོགས་སྔར་ལས་ཆེ་བ་དང་འགོ་འཛུགས་ས་
དེ་བས་མཐོ་བ་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་
དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པའི་ནང་
རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་འོད་སྟོང་གསར་པ་གཏོད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་17ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་10ཚེས་12དང་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་12ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཁྲའོ་ཀྲོའུ་གནའ་གྲོང་གི་རྟ་བབས་ཁྲོམ་གཞུང་དུ་རྟོག་ཞིབ་གནང་སྐབས་མང་ཚོགས་ལ་ཕྱག་གཡུག་གཡུག་གིས་གུས་ལན་གནང་བཞིན་པ།

ཟླ་10ཚེས་12དང་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་12ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཁྲའོ་ཀྲོའུ་གནའ་གྲོང་གི་རྟ་བབས་ཁྲོམ་གཞུང་དུ་རྟོག་ཞིབ་གནང་སྐབས་མང་ཚོགས་ལ་ཕྱག་གཡུག་གཡུག་གིས་གུས་ལན་གནང་བཞིན་པ།

     ● ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློར་བཅིངས་འགྲོལ་དང་། བློ་ཁོག་ཆེན་པོས་གསར་གཏོད། དམ་པ་དོན་གཉེར། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། བློ་གཤོགས་སྔར་ལས་ཆེ་བ་དང་འགོ་འཛུགས་ས་དེ་བས་མཐོ་བ་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཆགས་པར་སྐུལ་འདེད་གཏོང་བ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོགས་ཀྱི་ཐད་བྱས་རྗེས་གསར་པ་སྔར་བས་ཆེ་བ་འཇོག་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པའི་ནང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་འོད་སྟོང་གསར་པ་གཏོད་དགོས།
     ● ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཞུགས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་རེད། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་སྐྲུན་ཚར་བ་བྱེད་རྒྱུ་ནི། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་འགྲོ་ལམ་ཐོག་སྐྱོད་པ་དང་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུཌ་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན།
     ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློར་བཅིངས་འགྲོལ་དང་། བློ་ཁོག་ཆེན་པོས་གསར་གཏོད། དམ་པ་དོན་གཉེར། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། བློ་གཤོགས་སྔར་ལས་ཆེ་བ་དང་འགོ་འཛུགས་ས་དེ་བས་མཐོ་བ་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཆགས་པར་སྐུལ་འདེད་གཏོང་བ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོགས་ཀྱི་ཐད་བྱས་རྗེས་གསར་པ་སྔར་བས་ཆེ་བ་འཇོག་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པའི་ནང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་འོད་སྟོང་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
     སྟོན་དུས་སུ་ལྷོ་ཕྱོགས་ཀོང་ཏུང་གི་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། ཟླ་10ཚེས་12དང་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིས་དང་ཧྲེང་ཀྲང་མ་ཤིན་རུའེ་ཡི་ཕེབས་རོགས་འོག ཞི་ཅིན་ཕིང་ཁྲའོ་ཀྲོའུ་དང་ཧྲན་ཐོའུ་སོགས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པ་དང་། ལོ་རྒྱུས་རིག་གནས་ཁྲོམ་གཞུང་། ཁེ་ལས་སོགས་ལ་སྔ་རྗེས་སུ་ཕེབས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཇུས་འགོད་བྱེད་པ་སོགས་ལ་བརྟག་ཞིབ་གནང་བ་རེད།
     ཚེས་12ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་ཁྲའོ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁྲའོ་ཀྲོའུ་གནའ་གྲོང་གི་ཤར་སྒོའི་ཕྱི་རོལ་དུ་ཡོད་པའི་སུང་རྒྱལ་རབས་ལྷོ་མའི་སྐབས་སུ་བསྐྲུན་པ་དང་། ཧན་ཅང་གཙང་པོ་འཕྲེད་དུ་བཅད་པ། དམིགས་བསལ་གྱི་ཁྱད་ཆོས་ལྡན་པ། གདུང་ཟམ་དང་། འཕྱོ་ཟམ། འཇའ་ཟམ་གསུམ་གཞི་གཅིག་ཏུ་འདུས་པ་བཅས་ཀྱི་ཀོང་ཅི་ཟམ་པར། “འཛམ་གླིང་ཐོག་བསྐྲུན་སྔ་ཤོས་ཀྱི་གློད་སྡོམ་རྣམ་པའི་ཟམ་པ”ཞེས་འབོད་ཀྱི་ཡོད། ཞི་ཅིན་ཕིང་ཟམ་པའི་ཐོག་ཞབས་ཐང་མར་ཕེབས་ཏེ་ཟམ་པའི་བསིལ་ཁང་དང་འཕྱོ་ཟམ་ལ་གཟིགས་ཞིབ་དང་། ཧན་ཅང་གཙང་པོའི་ངོགས་གཉིས་ཀྱི་ཡུལ་ལྗོངས་ལ་རྒྱང་གཟིགས། ཟམ་པའི་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་མཁྱེན་རྟོགས་བཅས་གནང་བ་དང་འབྲེལ། ཀོང་ཅི་ཟམ་པ་ཉམས་གསོ་དང་སྲུང་སྐྱོང་བྱས་ཚུལ་སྐོར་གྱི་ངོ་སྤྲོད་ཀྱང་གསན་པ་རེད། ཞི་ཅིན་ཕིང་གིས་ལོ་རྒྱུས་ཐོག་བསྐྱར་སྐྲུན་དང་ཉམས་གསོ་ཐེངས་མང་བྱས་པའི་ཀོང་ཅི་ཟམ་པར་དུས་སྐབས་མི་འདྲ་བའི་ངལ་རྩོལ་མི་དམངས་ཀྱི་སྙིང་སྟོབས་དང་བློ་གྲོས་གཅིག་ཏུ་འདུས་པ་མ་ཟད། ད་དུང་ལོ་རྒྱུས་དང་། ཚན་རིག སྒྱུ་རྩལ་བཅས་ཀྱི་རིན་ཐང་གལ་ཆེན་ཡང་ལྡན་ཡོད། འདི་ནི་ཁྲའོ་ཀྲོའུ་ཡི་ལོ་རྒྱུས་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་འདིར་གཅེས་སྤྲས་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་ལས། ཉམས་གསོ་དང་གསར་སྤེལ་ཐལ་དྲགས་རྒྱུ་མེད་པར་ཐོག་མའི་རྣམ་པ་སོར་འཇོག་གང་ཐུབ་བྱེད་དགོས། ཧན་ཅང་གཙང་པོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཧན་ཅང་གཙང་པོ་ཡུན་ནས་ཡུན་དུ་དྭངས་གཙང་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་ཞབས་ཐང་མར་ཀོང་ཅི་ཟམ་ཟུར་གྱི་ཀོང་ཅི་རྒྱལ་སྒོ་བརྒྱུད། རྡོ་སྐས་འཛེགས་ནས་ཀོང་ཅི་ཐོག་ཁང་དུ་ཕེབས་པ་རེད། ཐོག་ཁང་གི་འགྲེམས་ཁང་ནང་། ཞི་ཅིན་ཕིང་གིས་ཁྲའོ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་འཐུས་མིས་ས་གནས་ས་ཐོག་ཏུ་བཟོ་རྩལ་སྟོན་པར་གཟིགས་པ་དང་འབྲེལ། ཁོང་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་ནས་ཁྲའོ་ཀྲོའུ་ཡི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱེད་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཁྲའོ་ཀྲོའུ་ཡི་རིག་གནས་ནི་ལིན་ནན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་ཧྭའི་རིག་གནས་ཀྱི་ཡན་ལག་གལ་ཆེན་ཞིག་རེད། ཁྲའོ་ཀྲོའུ་ཡི་འཚེམ་དྲུབ་དང་། རྫ་ཆས། རྐོས་དཀྲོལ། འཇིམ་བརྐོས། ཟློས་གར། དེ་བཞིན་ཇ་བླུག་རྩལ་དང་ཁྲའོ་ཀྲོའུ་ཚལ་སོགས་མཚོན་བྱེད་དུ་བྱས་པའི་ཁྲའོ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་ནི་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་གཅེས་ནོར་ལྟ་བུ་རེད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་གིས་མི་རྣམས་ཀྱི་ཡིད་དབང་དེ་བས་འཕྲོག་པར་བྱེད་དགོས་ཞེས་གསུངས་པ་རེད།
     རྒྱན་སྒོ་ཁྲོམ་གཞུང་ནི་ཁྲའོ་ཀྲོའུ་གྲོང་ཁྱེར་གྱི་རིག་གནས་མཚོན་རྟགས་ཀྱི་གྲས་ཤིག་ཡིན་པ་དང་། གནའ་བོའི་རྒྱན་སྒོ་23གྱིས་གནའ་བོའི་ཁྲོམ་གཞུང་51གཅིག་ཏུ་སྦྲེལ་ཡོད། ཞི་ཅིན་ཕིང་ཁྲོམ་གཞུང་དུ་ཞབས་ཐང་མར་ཕེབས་ནས། ཁྲའོ་ཀྲོའུ་གྲོང་ཁྱེར་གྱིས་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཉམས་གསོ་སྲུང་སྐྱོང་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཅིག་སྡུད་ཁུལ་གཏོད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དུ་ཕེབས་ནས་ཚོང་པ་དང་སྐུ་མགྲོན་ཚོ་དང་ཐུགས་སྣང་གཤིན་པོའི་ངང་བཀའ་མོལ་གནང་སྟེ། ཁོང་ཚོར་ཚོང་ལས་དང་ཁྲོམ་ར་སླར་གསོ་གང་འདྲ་བྱུང་མིན་དང་ཐོན་སྐྱེད་དང་འཚོ་བར་ད་དུང་དཀའ་ངལ་གང་ཡོད་མེད་སོགས་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས། མིག་སྔར་རང་རྒྱལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་གཞི་རྩའི་ཆ་ནས་སླར་གསོ་བྱུང་མོད། འོན་ཀྱང་རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པའི་གནོན་ཤུགས་ད་དུང་ཧ་ཅང་ཆེན་པོ་ཡོད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་མུ་མཐུད་ལག་བསྟར་ནན་པོ་བྱས་ཏེ་མཐར་རིམས་ནད་ལས་རྣམ་པར་རྒྱལ་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་ཕེབས་པ་གོ་ཐོས་བྱུང་རྗེས་ཁྲོམ་གཞུང་དུ་མང་ཚོགས་ཀྱིས་ཁེངས་ཤིང་། ཚང་མས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང” “སྤྱི་ཁྱབ་ཧྲུའུ་ཅི་སྐུ་ལས་ཁག་སོང”ཞེས་དགའ་འབོད་ཞུས་པར་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་ཡང་སེ་གནང་ནས་བརྡ་ལན་གནང་བ་རེད། ཁོང་གིས་བྱམས་བརྩེའི་ངང་། ལོ་རྒྱུས་ཡུན་རིང་ལྡན་པ་དང་མི་ཆོས་རིག་གནས་ཕུན་སུམ་ཚོགས་པའི་ཁྲའོ་ཀྲོའུ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་པས་ལྟ་སྐོར་དང་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཡོད། དེས་ན་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལྡན་པའི་གྲོང་ཁུལ་རྙིང་པ་སྲུང་སྐྱོང་ཡག་པོ་བྱས་ཏེ། གྲོང་ཁྱེར་གྱི་ཁྱད་ཆོས་མངོན་པ་དང་རིག་གནས་ཡུལ་སྐོར་གྱི་ནང་དོན་བསྣན་ནས་མི་རྣམས་ལ་སློབ་གསོ་དེ་བས་མང་བ་ཐོབ་པ་བྱེད་དགོས། ལོ་40ལྷག་ཙམ་གྱི་གོང་དུ་ང་རང་ཁྲའོ་ཀྲོའུ་ལ་ཡོང་མྱོང་ཡོད། དེ་རིང་ཡང་བསྐྱར་འདི་གར་སླེབས་དུས་ཁྲའོ་ཀྲོའུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་མཐོང་བས་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། སླད་ཕྱིན་ཁྲའོ་ཀྲོའུ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་གོ་སྐབས་དམ་འཛིན་དང་། བབ་བསྟུན་འཕྲལ་སྒྲུབ། འགོ་འཛུགས་མདུན་སྐྱོད་བཅས་བྱས་ནས་ཁྲའོ་ཀྲོའུ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ད་དུང་ཁྲའོ་ཧྲན་གྱི་ཕྱིར་སྡོད་རང་མིའི་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་ཕྱིར་སྡོད་རང་མིའི་རིག་དངོས་ཁང་ལ་གཟིགས་སྐོར་གནང་བ་རེད། སྔོན་ཆད་དུས་ཡུན་རིང་པོ་ཞིག་ནང་། དམངས་ཁྲོད་ཀྱི་ཐབས་ལམ་བརྒྱུད་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མིས་ཟུར་འགོད་འཕྲིན་ཡིག་གམ་ཡང་ན་སྟབས་བདེའི་ཞར་བྱུང་གི་དངུལ་འགྲུལ་དཔང་འཛིན་རྒྱལ་ནང་དུ་བསྐུར་གྱི་ཡོད། “ཕྱིར་སྡོད་རང་མིའི་འཕྲིན་ཡིག་དང་དངུལ་འགྲུལ་དཔང་འཛིན”དེ་དག་ཉེ་རབས་ཕྱིར་སྡོད་རང་མིའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རྩ་ཆེའི་ཡིག་ཚགས་སུ་གྱུར་ཡོད། ཞི་ཅིན་ཕིང་གིས“ཕྱིར་སྡོད་རང་མིའི་འཕྲིན་ཡིག་དང་དངུལ་འགྲུལ་དཔང་འཛིན”གྱི་ལོ་རྒྱུས་དང་ཁྲའོ་ཧྲན་གྱི་ཕྱིར་སྡོད་རང་མིའི་རིག་གནས་ངོ་སྤྲོད་ཞུས་པ་གསན་རྗེས། ཁོང་གིས“ཕྱིར་སྡོད་རང་མིའི་འཕྲིན་ཡིག་དང་དངུལ་འགྲུལ་དཔང་འཛིན”ནང་ཕྱིར་སྡོད་སྤུན་ཟླ་རྒན་རབས་ཚོའི་དཀའ་ཚེགས་ཆེ་བའི་ལས་གཏོད་ལོ་རྒྱུས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བཀོད་ཡོད། དེའང་ཀྲུང་ཧྭ་མི་རིགས་ཀྱིས་མཚན་སྙན་ལ་སྣང་ཆེན་དང་ཁ་བཤད་ལག་བསྟར་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། “ཕྱིར་སྡོད་རང་མིའི་འཕྲིན་ཡིག་དང་དངུལ་འགྲུལ་དཔང་འཛིན”གྱི་རིག་དངོས་འདི་དག་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། མི་རྣམས་ལ་ཉེ་རབས་རང་རྒྱལ་གྱིས་བརྒྱུད་པའི་བརྙས་བཅོས་མྱོང་བའི་ལོ་རྒྱུས་དང་ཕྱིར་སྡོད་རང་མི་རྒན་རབས་ཚོའི་དཀའ་ཚེགས་ཆེ་བའི་ལས་གཏོད་ཀྱི་ལོ་རྒྱུས་མི་བརྗེད་པ་བྱེད་དགོས་པ་དང་འབྲེལ། སྤྱི་ཚོགས་ཡོངས་ཀྱིས་ཡིད་རྟོན་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་ཡང་བྱེད་དགོས། ཁྲའོ་ཧྲན་ས་ཁུལ་ནི་རང་རྒྱལ་གྱི་ཕྱིར་སྡོད་རང་མིའི་ཕ་ཡུལ་གྲགས་ཅན་ཞིག་ཡིན་པས། ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་དོན་དངོས་ལ་གཞིགས་ནས“ཕྱིར་སྡོད་རང་མིའི”དོན་དག་ཡག་པོ་སྒྲུབ་པ་དང་ཕྱིར་སྡོད་རང་མིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ཁོང་ཚོར་མེས་རྒྱལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་འབྲེལ་དེའི་ནང་ཞུགས་པ་དང་། ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ། མེས་རྒྱལ་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་ཕྱིའི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་ཁྲིད་སྟོན་བྱེད་དགོས་ལ་སྐུལ་ལྕག་ཀྱང་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཧྲན་ཐོའུ་སྤྱི་གླིང་ཆུང་ངུའི་གསར་སྤེལ་ཁུལ་ནི་མིག་སྔར་རང་རྒྱལ་དུ་ཉར་ཚགས་ཆ་ཚང་ཤོས་ཀྱི་གསར་སྤེལ་ཁུལ་གྱི་གྲས་ཤིག་རེད། སྒོར་དབྱིབས་འགྱེད་འཕྲོ་རྣམ་པའི་ཁྲོམ་གཞུང་དུ་ཐོག་ཁང་མང་པོ་ཡོད། ཞི་ཅིན་ཕིང་གིས་ཞབས་ཐང་མར་ཁྲོམ་གཞུང་གི་ཡུལ་ལྗོངས་ལ་གཟིགས་པ་དང་འབྲེལ། ས་གནས་དེ་གས་གསར་སྤེལ་ཁུལ་ཉམས་གསོ་སྒྱུར་བཀོད་དང་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་ཁུལ་སྲུང་སྐྱོང་བེད་སྤྱོད་ལ་སྐུལ་འདེད་གཏོང་ཚུལ་གྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས། ད་ཆ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཐོན་བཞིན་ཡོད། དེ་འདྲའི་སྐབས་སུ་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་གཞུང་ཁུལ་ལ་དེ་ཙམ་གྱིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ཀྱི་འཚོ་བའི་རྣམ་པ་དང་མཉམ་འདྲེས་ཐུབ་པ་བྱས་ནས། གནའ་བོའི་གྲོང་ཁྱེར་གྱི་གསོན་ཤུགས་གསར་པ་འཕེལ་བ་བྱེད་དགོས། མི་རྣམས་ལ་ད་ཆའི་ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་རྟོགས་པ་བྱ་རྒྱུའི་ཁྲིད་སྟོན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས་འཚང་ཁ་ཤིག་ཤིག་ངང་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མའི་འཚོ་བ་བདེ་སྐྱིད་ལྡན་པ་དང་གཟུགས་པོ་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་ཤིང་། ཁོང་གིས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཛུགས་སྐྲུན་དེ་ཕ་ཡུལ་དང་མེས་རྒྱལ་ལ་བརྩེ་སེམས་ཟབ་མོ་འཆང་མཁན་ཕྱིར་སྡོད་རང་མི་མང་པོ་ཞིག་དང་ཁ་འབྲལ་ཐབས་མེད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཞུགས་ནས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་རེད། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ནི། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། འདི་ལོ་ནི་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བའི་ལོ་ཞིག་རེད། ང་རང་ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་དུ་ཆེད་མངགས་རྟོག་ཞིབ་དང་བརྟག་ཞིབ་བྱེད་པར་ཡོང་དོན་ནི། རྒྱལ་ཁབ་ཕྱི་ནང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་འགྲོ་ལམ་ཐོག་སྐྱོད་པ་དང་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་མཚོན་པར་བྱེད་པའི་ཆེད་དུ་ཡིན། ཡུལ་མི་ཚོས་མཉམ་དུ་འབད་བརྩོན་དང་ཐུན་མོང་ཐོག་འབད་འཐབ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཟླ་10ཚེས་12དང་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་བ་རེད། ཚེས་13ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲན་ཐོའུ་གྲོང་ཁྱེར་གྱི་སྤྱི་གླིང་ཆུང་ངུའི་ཚོང་འགྲུལ་ཁུལ་ཧྲན་ཐོའུ་གསར་སྤེལ་རིག་གནས་བཤམས་སྟོན་ཁང་དུ་རྟོག་ཞིབ་གནང་ནས། ཧྲན་ཐོའུ་ཡི་ཚོང་འགྲུལ་ལོ་རྒྱུས་དང་། དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས། དེ་བཞིན་གོམ་སྟབས་རྗེས་མའི་འཕེལ་རྒྱས་འཆར་འགོད་ཀྱི་གནས་ཚུལ་བཅས་མཁྱེན་རྟོགས་གནང་བཞིན་པ།
ཟླ་10ཚེས་12དང་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་བ་རེད། ཚེས་13ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲན་ཐོའུ་གྲོང་ཁྱེར་གྱི་སྤྱི་གླིང་ཆུང་ངུའི་ཚོང་འགྲུལ་ཁུལ་ཧྲན་ཐོའུ་གསར་སྤེལ་རིག་གནས་བཤམས་སྟོན་ཁང་དུ་རྟོག་ཞིབ་གནང་ནས། ཧྲན་ཐོའུ་ཡི་ཚོང་འགྲུལ་ལོ་རྒྱུས་དང་། དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས། དེ་བཞིན་གོམ་སྟབས་རྗེས་མའི་འཕེལ་རྒྱས་འཆར་འགོད་ཀྱི་གནས་ཚུལ་བཅས་མཁྱེན་རྟོགས་གནང་བཞིན་པ།

  
style="display:none;"