མི་དམངས་དྲ་བ།

༄༅༎དབང་དབྱང་གིས་བོད་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་གི་
བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་ལག་བསྟར་བྱས་ནས་བོད་ཡུན་རིང་བདེ་འཁོད་
དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་10ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་7ཚེས་6ནས་ཚེས་8ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་བོད་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཟླ་7ཚེས་6ཉིན་དབང་དབྱང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཀོ་ལྕག་གྲོང་གསར་གྱི་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་གནས་སྤོས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་བཞིན་པ།

ཟླ་7ཚེས་6ནས་ཚེས་8ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་བོད་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཟླ་7ཚེས་6ཉིན་དབང་དབྱང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཀོ་ལྕག་གྲོང་གསར་གྱི་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་གནས་སྤོས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་བོད་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མྱོང་མེད་པའི་འཕོ་འགྱུར་ཆེན་པོའི་མཐོ་ཚད་ཀྱི་ཐོག་ནས་བོད་ཀྱི་ལས་དོན་ལ་ཞིབ་ལྟ་དང་ཇུས་འགོད་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་ས་དེར་དམ་པོར་དམིགས་པ། ཕུགས་ཕན་གྱི་ཇུས་གཞི་མང་ཙམ་འདིང་བ། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་བ། ཉེན་ཁ་ཚབས་ཆེན་དང་འགྲན་སློང་ཆེ་རིགས་མཐའ་གཅིག་ཏུ་འགོག་ཟོན་དང་བསལ་ནས་བོད་ཡུན་རིང་བདེ་འཁོད་ཀྱི་རྩ་བ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་6ནས་ཚེས་8ཉིན་བར་དབང་དབྱང་གཞིས་རྩེ་དང་ལྷ་ས་སོགས་སུ་ཕེབས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲོང་གསར་དང་། གྲོང་གསེབ་དང་འབྲོག་ཁུལ། ཐོན་ལས་གླིང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་ཏེ་བརྟག་ཞིབ་གནང་བ་དང་འབྲེལ། ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
     ཁོང་གིས། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་སྤྱད་ཞིབ་ཚགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་པ། བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་བོད་དུ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་། སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ཡག་པ་བཅས་ཀྱི་དགའ་འོས་པའི་རྣམ་པ་ཐོན་ཡོད་ཅེས་བསྟན་གནང་བ་རེད།
     དབང་དབྱང་གིས། མི་རིགས་ཆོས་ལུགས་ལས་དོན་དེ་བོད་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད། ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་བོར་བཟུང་སྟེ། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྐད་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཞི་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྒྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། དགོན་སྡེ་དང་ཆོས་ལུགས་ཀྱི་བྱེད་སྒོར་ཁྲིམས་བཞིན་དོ་དམ་བྱེད་པ་དང་། སེར་སྐྱ་མང་ཚོགས་ལ་རྒྱལ་ཁྲིམས་ཆོས་ཁྲིམས་ལས་ཆེ་བ་དང་དད་ལྡན་མང་ཚོགས་དང་ཐོག་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་སྤྱི་ཚོགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ། ཆོས་ལུགས་མི་སྣ་གསོ་སྐྱོང་དང་སློབ་གསོར་མཐོང་ཆེན་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ཁྲིད་སྟོན་སྔར་བས་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     དབང་དབྱང་གིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཕེལ་རྒྱས་ནང་ཞུགས་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱེད་པའི་ཁྲོད་དོན་འཁྱོལ་ཡོང་བ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་ནི་དཔལ་འབྱོར་གྱི་ལས་དོན་ཞིག་རེད་ལ་ཆབ་སྲིད་ཀྱི་ལས་འགན་ཞིག་ཀྱང་རེད། བོད་ཀྱིས་སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པ་དང་། འཐུང་ཆུའི་བདེ་འཇགས། ཡུལ་ནད་འགོག་བཅོས་བཅས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཏན་ཏིག་སྤེལ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ལེགས་པར་སྒྲུབ་པ་བཅས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚང་མ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། དབུལ་པོ་བསྐྱར་ལོག་མི་ཐེབས་པ་བྱས་ཚུལ་ལ་ལྟ་ཞིབ་དང་རོགས་སྐྱོར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་གཉིས་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་གསོ་སྐྱོང་བྱེད་པ་སོགས་བརྒྱུད་རང་ངོས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་དགོས། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་མཐུན་སྦྱོར་གྱི་སྣོད་བཅུད་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་མཛེས་སྡུག་ལྡན་པའི་གངས་ལྗོངས་ས་མཐོ་སྲུང་སྐྱོང་ཡག་པོ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     བརྟག་ཞིབ་གནང་རིང་དབང་དབྱང་གིས་ད་དུང་གཞིས་རྩེར་ཡོད་པའི་རང་སྐྱོང་ལྗོངས་རིམ་པ་ཁག་གི་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི་དང་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མིར་གཟིགས་པ་རེད།

  
style="display:none;"