མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་དང་ཕན་ཚུན་འཕྲིན་ཡིག་སྤྲིངས་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་09ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སི་དང་ཕན་ཚུན་འཕྲིན་ཡིག་སྤྲིངས་རེས་གནང་སྟེ། རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་ནད་ཀྱི་མདུན་དུ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་བརྩེ་དུང་ཟབ་མོ་མཚོན་ཡོད། མིག་སྔར་ཀྲུང་གོ་དང་ཨ་ཀེན་ཐིན་སོགས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཚང་མར་རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། དམངས་འཚོ་འགན་ལེན་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་དང་མཉམ་དུ་རིམས་ནད་འགོག་བཅོས་ཀྱི་མཉམ་ལས་ཧུར་ཐག་བྱེད་པ་དང་འབྲེལ། ཨ་ཀེན་ཐིན་ཕྱོགས་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་ཡང་བྱེད་འདོད་ཡོད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨ་ཀེན་ཐིན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ཆེད་འབད་བརྩོན་ཧུར་ཐག་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་སྤེལ་རེས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
     ཧྥེར་ནན་ཏེ་སིས་བསྟན་དོན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་འབད་བརྩོན་ཆེན་པོ་བྱས་པ་དང་རྒྱལ་སྤྱིའི་རིམས་འགོག་འཐབ་རྩོད་ཁྲོད་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་དུ་ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་ལ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། དཀའ་ངལ་འཕྲད་སྐབས་བརྩེ་དུང་ངོ་མ་མངོན། དམིགས་བསལ་གྱི་དུས་སྐབས་འདིར་ང་ཚོས་ཨ་ཀྲུང་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང་། ང་ཚོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འོད་སྟོང་འཕྲོ་བའི་དུས་སྐབས་གཏོད་བཞིན་ཡོད་ལ། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་། དེ་བཞིན་ཕྱོགས་མང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུ་ཡིན་པར་རང་ཉིད་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་བརྗོད་པ་རེད།

  
style="display:none;"