མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་མི་དམངས་ཏང་གི་
ཀྲུའུ་ཞི་སྲིད་གཞུང་གི་ཙུང་ལི་ཧུའུ་རི་ལེ་སུའུ་ཧོ་དང་འཕྲིན་ཡིག་སྤྲིང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་06ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་མི་དམངས་ཏང་གི་ཀྲུའུ་ཞི་སྲིད་གཞུང་གི་ཙུང་ལི་ཧུའུ་རི་ལེ་སུའུ་ཧོ་དང་འཕྲིན་ཡིག་སྤྲིང་རེས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་མོང་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུང་མོང་རྒྱལ་ཁབ་གཉིས་ཀྱིས་རིམས་ནད་འགོག་པའི་ཐད་མཉམ་ལས་དམ་ཟབ་བྱས་ནས་ལྟ་རེས་སྐྱོང་རེས་དང་མཉམ་དུ་དཀའ་ངལ་ཁྱད་བསད་ཀྱི་མཛའ་གྲོགས་བརྩེ་སེམས་གང་ལེགས་མངོན་པར་བྱས་ཡོད། སྐུ་ཞབས་ཀྲུའུ་ཞིས་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་ཐད་ཕུལ་བའི་ལེགས་སྐྱེས་ལ་གདེང་འཇོག་ཆེན་པོ་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་རིམས་འགོག་ཐད་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་མི་དམངས་ཏང་དང་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཐུན་མོང་འབད་བརྩོན་འོག མོང་གོལ་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་དེ་བཞིན་ཉིན་ཤས་གོང་སླར་ཡང་གྲོས་ཚོགས་ཀྱི་འདེམས་བསྐོ་བདེ་བླག་ངང་སྤེལ་བ་བཅས་ཀྱི་གནས་ཚུལ་དགའ་སྤྲོའི་ངང་མཐོང་བྱུང་།
     མི་རིང་བའི་གོང་དུ། སྐུ་ཞབས་ཀྲུའུ་ཞིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་99འཁོར་བའི་སྐབས་སུ་ང་ལ་ཆེད་མངགས་འཕྲིན་ཡིག་སྤྲིངས་གནང་བ་དེ་ཐོག་ནས་ཁྱེད་དང་མོང་གོལ་རྒྱལ་ཁབ་མི་དམངས་ཏང་གིས་ཀྲུང་མོང་ཏང་གཉིས་དང་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བར་མཐོང་ཆེན་པོ་གནང་བ་གང་ལེགས་མཚོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མོང་གོལ་རྒྱལ་ཁབ་མི་དམངས་ཏང་དང་མཉམ་དུ་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་མོང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྣེ་ཁྲིད་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་གྲ་རྒྱས་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     ཧུའུ་རི་ལེ་སུའུ་ཧོས་དེ་གོང་ཞི་ཅིན་ཕིང་ལ་སྤྲིངས་པའི་འཕྲིན་ཡིག་ནང་། ཀྲུང་གོ་གུང་ཁྲན་ཏང་གི་འབད་བརྩོན་ལྷོད་མེད་འོག་ཀྲུང་གོས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་ཏེ། རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་པ་མ་ཟད། འཛམ་གླིང་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས། ངས་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཉེ་བའི་ལོ་ཤས་རིང་ཏང་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོའི་སྒྲོམ་གཞིའི་ནང་། མོང་གོལ་རྒྱལ་ཁབ་མི་དམངས་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གིས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཕྱོགས་གཉིས་པོའི་རིམ་པ་ཁག་གི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བར་ང་ཧ་ཅང་དགའ་པོ་བྱུང་། ང་ཚོ་ཏང་གཉིས་ཀྱིས་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། མོང་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མཉམ་དུ་གྲ་རྒྱས་སྟོབས་འབྱོར་གྱི་ཕྱོགས་སུ་བསྐྱོད་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"